“བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་སྙན་སྒྲོན་ནང་བསྟན་པའི་སླད་ཕྱིན་ལོ་ལྔའི་བརྗིད་ཆེའི་འཆར་གཞིའི་བརྗོད་དོན་གཙོ་བོ་ཁ་གསལ་ཞིང་དམིགས་ཚད་ཁ་གསལ་བས། ང་ལ་སྐུལ་ལྕག་ཆེན་པ་ཐེབས་པ་མ་ཟད། སླད་ཕྱིན་རང་ཉིད་ཀྱི་ལས་ཀའི་བསམ་ཕྱོགས་སྔར་བས་གསལ་དུ་ཕྱིན་པ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཁ་ཚ་དགོས་གཏུགས་ཀྱི་སེམས་པ་དང་འགན་འཁྲིའི་སེམས་པ་ཆེ་རུ་ཕྱིན་སོང”ཞེས་སྙན་སྒྲོན་གསན་རྗེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་སྤུས་ཚད་ཚད་འཇལ་དམིགས་བསལ་སྒྲིག་ཆས་ལྟ་སྐུལ་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་སུའོ་ཡི་བཟོ་སྐྲུན་པ་ལྷ་མོ་ཚེ་རིང་གིས་གསུངས།
ལྷ་མོ་ཚེ་རིང་གིས་ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྡེ་ཚན་གྱི་འགན་འཁྲིར་དམ་པོར་དམིགས་ནས་ལས་སྒོར་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་གཅིག་གྱུར་ནུས་ལྡན་བྱུང་སྟེ་ཉིང་ཁྲིའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན་པ་དང་ལྷག་པར་དུ་འདི་ལོ་ཚུན་ཅུས་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་གནས་ཀྱི་འགན་འཁྲིར་དམ་པོར་དམིགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་སྒྲིག ཚོང་རྟགས་སྤུས་རྟགས་སྐྱེད་སྲིང་། སྐབས་བསྟུན་འཐེན་བཤེར་ལྟ་འདོམས་བཅས་ཕྱོཌ་ལྔ་དམ་འཛིན་བྱ་གཞིར་བྱས་ནས་སྙིང་རུས་གཏན་འཁྱོངས་ངང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཡོད་ཅེས་གསུངས། “གཞི་རིམ་གྱི་ཆེད་ལས་ལག་རྩལ་བ་ཞིག་གི་ངོས་ནས་ངས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ་མ་ཟད། ཕ་ཡུལ་དུ་ལོག་རྗེས་ཚོགས་ཆེན་གྱི་དགོངས་དོན་ཉེ་འགྲམ་གྱི་ལས་རོགས་དང་དེ་བཞིན་ནང་མིར་བརྒྱུད་བསྒྲགས་བྱེད་ཀྱི་ཡིན། སླད་ཕྱིན་ངས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་། ལས་སྒོའི་འཇོན་ཐང་། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ་དང་། ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ལེགས་ཆ་གང་ལེགས་འདོན་པ། ས་གནས་ཀྱི་དཔལ་འབྱོར་དང་གཙོ་གནད་ལས་གྲྭར་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཉིང་ཁྲིའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ལག་རྩལ་མཁོ་འདོན་བྱེད་ཀྱི་ཡིན”ཞེས་གསུངས།