དབུ་ཤོག>ཆེད་སྒྲིག
  • དམངས་འཚོའི་བདེ་སྐྱིད་དོན་དུ་གནད་སྨིན་ཤུགས་འདོན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-30

    དམངས་འཚོ་ནི་མི་དམངས་བདེ་སྐྱིད་ཡོང་བའི་རྨང་གཞི་དང་སྤྱི་ཚོགས་ཞི་མཐུན་ཡོང་བའི་རྩ་བ་ཡིན། བློ་མཐུན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་སྙན་སྒྲོན་ནང་དམངས་འཚོའི་ལས་དོན་གྱི་གལ་ཆེའི་རང་བཞིན་མངོན་གསལ་དོད་པོས་ནན་བཤད་བྱས་པ་དང་དམངས་འཚོའི་འབྲེལ་ཡོད་ལས་དོན་ཞིབ་བརྗོད་དང་བཀོད་སྒྲིག་གནང་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། ལྗོངས་མི་སྤྱི་ཐིང་ཏང་ཙུའི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས། བློ་མཐུན་ཝང་ཅུན་ཀྲེང་གིས་སྙན་སྒྲོན་ནང་དམངས་འཚོའི་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། ལྷག་དོན་དུ་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམངས་འཚོའི་ལས་དོན་གྱི་ཨང་དང་པོར་བཞག་འདུག མི་སྤྱི་སྡེ་ཚན་གྱིས་ཚོགས་ཆེན་གྱི་སྙན་སྒྲོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་དང་སྣང་འཇོག་བྱེད་པའི་གླེང་མང་བ་དང་དཀའ་ཚེགས་ཆེ་བའི་གནད་དོན་སེམས་ཐག་གཙང་བཅད་ཀྱིས་སེལ་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ཕྱོགས་མང་གཞི་གཅིག་གི་ལས་ཞུགས་མ་ལག་དང་ཁྲོམ་ར་ཅན་གྱི་ལས་ཞུགས་བྱེད་སྟངས་རྒྱུན་མཐུད་སྲ་བརྟན་དང་འཐུས་ཚང་དུ་བཏང་སྟེ། ལས་དོན་སྤེལ་ཤུགས་དེ་བས་ཆེན་པོས་ཞིང་འབྲོག་པའི་རྩ་འཛུགས་ཅན་དང་། གཞི་ཁྱོན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་མི་སྣའི་མ་ལག་ཧུར་ཐག་བསྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་མི་སྤྱིའི་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་བདེ་སྐྱིད་ཀྱིས། སྙན་སྒྲོན་ནང“སློབ་གསོའི་གཏོང་ཆ་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ”དང་བོད་ལྗོངས་སློབ་ཆེན་གྱི“རྩེ་གྲ་གཉིས”འཛུགས་སྐྱོང་དང་པུའུ་དང་ཆུས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མངོན་པས། ང་ཚོས་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་དང་སློབ་ཁྲིད་དང་ཚན་ཞིབ་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། སློབ་གསོའི་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་མཐུན་ཝང་ཅུན་ཀྲེང་གི་སྙན་སྒྲོན་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་དཔལ་འབྱོར་གྱི་རྩིས་ཁོ་ན་རྒྱག་མི་རུང་བར་དམངས་འཚོའི་རྩིས་དང་དམངས་སེམས་ཀྱི་རྩིས་དེ་བས་རྒྱག་དགོས་ཞེས་བསྟན་ཡོད། དེར་བརྟེན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཟུར་ཞུགས་མི་སྣ་དང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་དངོས་གྲུབ་ཀྱིས། “བློ་མཐུན་ཝང་ཅུན་ཀྲེང་གིས་བོད་ཀྱི་འགྲིམ་འགྲུལ་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ནས་སྙན་སྒྲོན་ནང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཀོད་སྒྲིག་གང་ལེགས་དང་བླང་བྱ་གསལ་པོ་བཏོན་གནང་ཡོད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་བཀོད་སྒྲིག་ལྟར‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’ཟམ་མི་ཆད་པར་དར་སྤེལ་བཏང་སྟེ། ‘འཛུགས་གཏོད་བཞི’ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང‘མདུན་གྲལ་དུ་སྐྱོད་ཐུབ་པ་བཞིའི’བླང་བྱ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་ཕྱོགས་གང་ཅིར་ཁྱབ་པའི་འབད་བརྩོན་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་དེ་སྔར་བས་གལ་ཆེའི་གནས་བབ་ཐོག་བཞག་ནས་དཔལ་འབྱོར་གྱི་རྩིས་དང་། དམངས་འཚོའི་རྩིས། དམངས་སེམས་ཀྱི་རྩིས་བཅས་ཡག་པོ་བརྒྱབ་སྟེ། ‘གཞུང་བཞི་འཕྲེད་གསུམ་དང་བགྲོད་ལམ་བརྒྱད’ཀྱི་གཞུང་ལམ་དྲ་བ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་སྤུས་ཚད་མཐོ་པོས‘ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ’འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་ཐུབ་པ་བྱེད་རྒྱུ་ཡིན”ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།