པ་སངས་དབང་འདུས་ནི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ནས་ཡིན་པ་དང་། ཀྲུང་གུང་ཏང་ཡོན་ཡིན་ཞིང་། ད་ལྟ་སྐམ་དམག་སྨན་ཁང་ཨང་953པའི་ཕྱི་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དང་ཀྲུའུ་རེན་གཞོན་པ་ཡིན། 2019ལོར་པ་སངས་དབང་འདུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”ལ་བདམས་ནས་གཟེངས་བསྟོད་བྱས་པ་རེད།
“བོད་ལྟ་བུའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་ནད་པ་ཞིག་སྐྱོབ་བཅོས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་བྱེད་པའི་ས་བོན་ཞིག་བཏབ་པ་དང་མཚུངས”ཞེས་པ་སངས་དབང་འདུས་ཀྱིས་གསུངས།
ལོ་ལྔའི་རིང་། པ་སངས་དབང་འདུས་ཀྱིས་སྔ་རྗེས་སུ་སྨན་བཅོས་རུ་ཁག་80ལྷག་ཙམ་གྱི་སྣེ་ཁྲིད་པའམ་ཡང་ན་དེའི་ནང་ཞུགས་ནས་ལམ་ཐག་སྤྱི་ལེ་ཁྲི་20ལྷག་ཙམ་བསྐྱོད་དེ་ནད་པ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་བཅའ་སྡོད་ཁུལ་གྱི་མང་ཚོགས་ལ་གཤགས་བཅོས་ཐེངས་2000ཙམ་བྱས་ཡོད། 2015ལོ་ནས་བཟུང་། པ་སངས་དབང་འདུས་ཀྱིས་དུས་བཀག་ལྟར་གཞིས་རྩེ་གྲོང་ཁྱེར་ཕན་བདེ་ཁང་གི་བྱིས་པའི་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། ཉིན་མཚན་བལྟོས་མེད་ངང་ནད་གཞི་ཕོག་པའི་བྱིས་པར་སྨན་བཅོས་བྱས་པས་ཕན་བདེ་ཁང་གི“དམིགས་འཛུགས་སྨན་པ”དང“བདེ་ཐང་བློ་འདྲི་བར”གྱུར།
མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་ཆེད། ལོ་ལྔའི་རིང་པ་སངས་དབང་འདུས་ཀྱིས་ཕྱི་རོལ་དུ་རྨས་མ་ཚབས་ཆེན་མི་ཐེངས་7མྱུར་སྐྱོབ་བྱས་པ་དང་གཤགས་བཅོས་ཐེངས་60བྱས་ཡོད། ལོ་ལྔའི་རིང་། པ་སངས་དབང་འདུས་གཞིས་རྩེའི་མཐའ་སྲུང་སོ་ལྟ་ཁང་ཚང་མར་བསྐྱོད་དེ་མཐའ་སྲུང་འཐབ་འཛིང་པར་སྨན་སྐྱེལ་བ་དང་ཁོང་ཚོ་དང་སྙིང་གཏམ་ཤོད་རེས་བྱས་པས་མཐའ་སྲུང་དཔོན་དམག་ཚོས་ཁོང་ལ“བདེ་ཐང་གི་སྲུང་དམག”ཅེས་བརྗོད་ཀྱི་ཡོད།
པ་སངས་དབང་འདུས་ཀྱིས། “གོམ་སྟབས་རྗེས་མར་ངས་དེ་བས་དྲིན་ཚོར་གྱི་བསམ་པ་བཅངས་ནས་ནད་པས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། མང་ཚོགས་ཀྱིས་རེ་སྒུག་བྱེད་སར་རེ་སྒུག་བྱེད་པ། དཔོན་དམག་གིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཇོ་མོ་གླང་མའི་འདབས་སུ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བརྩམ་རྒྱུ་ཡིན”ཞེས་གསུངས་པ་རེད།