ཀྲོང་ཡན་ཆབ་མདོའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་པ།
ཚེས་27དང་28ཉིན། བློ་མཐུན་ཀྲོང་ཡན་ཆབ་མདོའི་འཐུས་མི་ཚོགས་པ་དང་། ལྗོངས་ཐད་གཏོགས་ཀྱི་འཐུས་མི་ཚོགས་པ་གཉིས་པ། ལྗོངས་ཐད་གཏོགས་ཀྱི་འཐུས་མི་ཚོགས་པ་དང་པོ་བཅས་ཀྱི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱས་ཏེ་གཙོ་འཛིན་གྱི་བཀའ་མངགས་བློ་ལ་བརྟན་པོར་བཅངས་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་བརྟན་པོ་ཆུད་པ། ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མངོན་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཡན་གྱིས་བློ་མཐུན་ཝང་ཅུན་ཀྲེང་གིས་གནང་བའི་སྙན་སྒྲོན་ཀྲུང་དབྱང་གི་བླང་བྱ་དང་ཡོངས་སུ་མཐུན་པ་དང་། བོད་ཀྱི་དོན་དངོས་དང་ཡོངས་སུ་མཐུན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་ཡོངས་སུ་མཐུན་པ་བཅས་ཡིན་པས། དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས། རྦད་དེ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་དང“གཏན་འཁེལ་གཉིས”ཀྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་པ་དང་ལྷག་བསམ་ཟོལ་མེད་ཀྱི་ལག་ལེན་པ་མཐའ་གཅིག་ཏུ་ཡག་པོ་བྱེད་དགོས། བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུར་མགྱོགས་མྱུར་དམ་འཛིན་ཡག་པོ་བྱས་ནས་ལས་བྱེད་པ་དང་ལས་བཟོའི་བསམ་བློ་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་བྱེད་པ་དང་རང་རྟོགས་ངང་ཚོགས་འདུའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་བྱེད་ཐབས་དངོས་དང་། ཏན་ཏིག ནན་པོ་བཅས་སྤྱད་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ“འཛུགས་གཏོད་བཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་མདུན་གྲལ་དུ་སྐྱོད་ཐུབ་པ་བཞི་ཧུར་ཐག་བྱེད་པའི”འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ནས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཡུལ་ས་ཡག་པོ་བསྲུངས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།