ཟླ་11ཚེས་28ཉིན་གྱི་སྔ་དྲོ། བློ་མཐུན་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་མངའ་རིས་ཀྱི་འཐུས་མི་ཚོགས་པར་ཕེབས་ཏེ་འཐུས་མི་ཚོ་དང་ལྷན་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ།
ཚེས་28ཉིན་གྱི་སྔ་དྲོ། བློ་མཐུན་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་མངའ་རིས་ཀྱི་འཐུས་མི་ཚོགས་པར་ཕེབས་ཏེ་འཐུས་མི་ཚོ་དང་ལྷན་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།
གྲོས་བསྡུར་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། བློ་མཐུན་ཏོན་ཧའེ་དང་། ཀྲང་ལི་མིང་། དབྱང་ཧུའེ། ནོར་རྒྱས། ཚེ་རིང་དཔའ་སྒྲོན། སྐལ་བཟང་སྒྲོལ་མ། གུ་རུ། ཉི་མ་དོན་གྲུབ་སོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་བ་དང་། བློ་མཐུན་ཝང་ཅུན་ཀྲེང་གིས་གཏམ་ལྕེབས་ཡང་ཡང་གནང་བ་དང་བཀའ་འདྲི་གནང་བ་མ་ཟད། གསན་གྱིན་དུ་ཟིན་བྲིས་ཡང་བསྐྱོན་གནང་བ་རེད། ཚང་མས་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པར་གནད་སྨིན་ཞིབ་འཇུག་དང་བརྡར་ཤ་གཅོད་པ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འཚམ་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་བཏོན་པ་དེར་ཆབ་སྲིད་རང་བཞིན་དང་། འཐབ་ཇུས་རང་བཞིན། དུས་རབས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་དེ་ནི་སེམས་ནུས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།
འཐུས་མི་ཚོའི་གཏམ་བཤད་ནན་ཏན་གསན་རྗེས། ཝང་ཅུན་ཀྲེང་གིས་མངའ་རིས་ས་ཁུལ་གྱི་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་ངོ་མས་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ། གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། འདི་ལོའི་ཟླ་7པར་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་གནང་བའི་མཛུབ་སྟོན་དང་བླང་བྱས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། གྲུབ་འབྲས་ལ་ཕྱོགས་སྡོམ། གནད་དོན་ལ་ཡང་དག་ལྟ་བ། ཁ་ཕྱོགས་གསལ་སྟོན་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་མཛུབ་སྟོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བར“གཏན་འཁེལ་གཉིས”ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་ཀྱི་དོན་སྙིང་ལྡན་པ་ངོས་འཛིན་གཏིང་ཟབ་དང་། རང་ངོས་ཀྱི་ལས་ཀར་གཞི་ཚུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས། རང་རྟོགས་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཇི་མ་ཇི་བཞིན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་ཟབ་སྦྱོང་མཐིལ་རྟོགས་མཐའ་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་དང་། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན། གནད་དོན་ཕྱོགས་སྟོན་དུ་བཟུང་ནས་དོན་འཁྱོལ་ལ་དམ་འཛིན། དྲིལ་བསྒྲགས་དང་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། དམ་པ་དོན་གཉེར་དང་སྙིང་རུས་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་བཟང་པོ་མཐའ་འཁྱོངས་བྱེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལྟར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མངའ་རིས་ཀྱི་དོན་དངོས་ལ་གཞི་ཚུགས་པ། དམངས་ཕྱུག་ཐོན་ལས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བརྩེ་སེམས་བཅངས་ནས་མང་ཚོགས་ལ་གནད་དོན་དངོས་ཐག་གཅོད་བྱེད་རོགས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། དབུལ་ལོག་སྔོན་འགོག་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འབྱོར་འབྲིང་ལམ་དུ་མི་རིགས་གཅིག་ཀྱང་མི་ཆད་པ་དང་མི་གཅིག་ཀྱང་མི་ཆད་པའི་འགན་ལེན་བྱེད་དགོས། སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁོར་ཡུག་གི་གནད་དོན་ཐག་གཅོད་དང་། ཚན་རིག་ལག་རྩལ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ལ་འདེགས་སྐྱོར། ཡུལ་བབ་དང་བསྟུན་པ་དང་། རྒྱུན་མཐུད་ཤུགས་སྣོན་རྒྱག་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། མངའ་རིས་སྔོ་ལྗང་མཛེས་སྡུག་ལྡན་པར་འགྱུར་བར་བྱེད་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བརྟན་པོ་སྲུང་བར་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་མཐའ་མཚམས་འཛུགས་སྐྲུན་ཡག་པོ་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས།
ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། མངའ་རིས་ས་ཁུལ་ནི“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”དང་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱི་འབྱུང་ས་ཡིན་པས། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ཏེ། གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་རིང་། དེར་དུས་རབས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ནང་དོན་སྣོན་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། ལས་བྱེད་པ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པར་ལྕག་སྐུལ་བྱེད་པ། མང་ཚོགས་ཀྱི་དཀའ་སྡུག་ཤེས་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེལ་བ། གཞི་རིམ་ནས་ཤེས་ལྡན་པ་བཙལ་འཚོལ་དང་། གསོ་སྐྱོང་། འདེམས་སྒྲུག་བཅས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བར་ཁྲིད་སྟོན་བྱེད་དགོས།