རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲའོ་ཅི་ཕེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་བློ་མཐུན་ཝང་ཅུན་ཀྲེང་གི་སྙན་སྒྲོན་གསན་རྗེས་གསར་འགོད་པར། “གཞི་རིམ་གྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས། རང་ཉིད་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཡང་ཡང་སྦྱངས་ཏེ་སྙན་སྒྲོན་གྱི་དགོངས་དོན་ངོ་བོར་གོ་བ་ལེན་པ་དང་རྒྱ་ཚ་རྫོང་གི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་ཀྱིས‘རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ’བརྗོད་དོན་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། རང་ཉིད་ཀྱིས་སྣེ་ཁྲིད་དེ་གཞི་རིམ་ཞིང་འབྲོག་པའི་ཏང་ཡོན་ཁྲོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱས་ཏེ། ཏང་གི་ཐུགས་ཁུར་དང་གཅེས་སྐྱོང་ཏང་ཡོན་དང་མང་ཚོགས་ཚང་མར་བརྒྱུད་བསྒྲགས་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།
ཀྲའོ་ཅི་ཕེང་གིས་སླད་ཕྱིན་ལས་དོན་སྒྲུབ་རིང་རྒྱ་ཚ་རྫོང་གི་ཞིང་ལས་གྲོང་གསེབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་སྟར་ཁའི་ཐོན་ལས་སྔར་བས་རྒྱ་ཆེ་བ་དང་། སྟོབས་ཆེན། སྤུས་རྟགས་གཏོད་པ་བཅས་བྱས་ནས་མིག་སྔར་ཡོད་པའི་སྟར་སྡོང་ཁྲི་50ཙམ་གྱི་རྨང་གཞིའི་ཐོག་སྟར་ཁ་འདེབས་ཁྱོན་མུ་མཐུད་ཆེ་རུ་གཏོང་དགོས། འབྲི་ཆུའི་སློབ་ཆེན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་སྡོང་རྐང་འདེམས་གསོ་དང་སྦྱར་ག་སྤྲོད་པའི་ལག་རྩལ་ཁྱབ་གདལ་གཏོང་བ་དང་། བོངས་ཚད་ཆུང་བ་དང་སྟུག་ཚད་ཆེ་བའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་རྒྱ་ཚར་ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་འཛུགས་པའི་བརྩོན་ལེན་བྱེད་པ་དང་། ཨན་ཆི་ཚོགས་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྟར་ཁ་ལས་སྣོན་ཞིབ་ཚགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་སྟར་ཁའི་སྤྲི་དཀར་སོགས་བཟོས་ཏེ་སྟར་ཁའི་ཟུར་སྣོན་རིན་ཐང་མཐོ་རུ་ཏན་ཏིག་གཏོང་བ་དང་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།