ལས་མི་7དང་། གཞུང་ལམ་སྤྱི་ལེ་53 ཆ་སྙོམས་ས་བབ་སྨི་4500བཅས་ཀྱི་ས་ཆར་དབྱར་དགུན་མེད་པར་ལས་གནས་བརྟན་སྲུང་དང་། དུས་རྟག་ཏུ་ཉེན་ཁར་ཁ་གཏད་གཅོག་པ་དེ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་གྲ་ནང་གཞུང་ལམ་བདག་སྐྱོང་དུམ་བུའི་མཐོ་རིམ་བཟོ་པ་ཉི་མ་ཚེ་རིང་དང་ཁོང་གི་ལས་རོགས་ཚོའི་ལས་ཀ་རེད།
ཉི་མ་ཚེ་རིང་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་བདག་སྐྱོང་དུམ་བུ་སྣ་དཀར་རྩེ་རྫོང་རྒྱལ་ལམ་G349ལས་ཁུལ་གཉིས་པའི་རུ་དཔོན་ཡིན་ཞིང་། 1989ལོར་ལས་ཀར་ཞུགས་པ་ནས་ད་བར་ལོ་32འགྲོ་གི་ཡོད།
ལོ་30ཡི་ལམ་སྐྱོང་ལས་དོན་སྒྲུབ་རིང་། ཉི་མ་ཚེ་རིང་གིས་ལམ་དུམ་འདིའི་འགྱུར་ལྡོག་ལ་དཔང་པོ་བྱས་པ་མ་ཟད། བཟོ་པ་ཚོའི་འཚོ་བ་དང་ལས་ཀའི་ཁོར་ཡུག་གི་འགྱུར་ལྡོག་ཆེན་པོར་དཔང་པོའང་བྱས་ཡོད། “སྔོན་མ་ལམ་དུམ་དེ་ས་རྡོའི་ལམ་ཡིན་པས། ལྷག་པ་རྒྱག་སྐབས་ཐལ་རྡུལ་གྱིས་ཁེངས་པ་དང་། ཆར་པ་འབབ་སྐབས་འདམ་གྱིས་ཁེངས་ནས་འགྲོ་བདེ་པོ་མེད། སྤྱི་ལེ་བཅུ་གྲངས་ཡོད་པའི་ལམ་དུམ་དེར་ལམ་སྐྱོང་བཟོ་པ་གཉིས་གསུམ་ལས་མེད་ལ། འཕྲུལ་ཆས་གང་ཡང་མེད། འདྲུད་འཐེན་འཕྲུལ་འཁོར་རྙིང་པ་གཅིག་དང་། རྟ་དང་བོང་བུ་ཁ་ཤས་ལས་མེད་པས། མི་དང་ཕྱུགས་ལ་བརྟེན་ནས་རྡོ་སོགས་དབོར་དགོས་ཀྱི་ཡོད། ད་ཆ་སྣུམ་ནག་ལམ་བཟོས་པ་དང་འདོན་འཇུག་འཕྲུལ་འཁོར་དང་། ས་འབུད་འཕྲུལ་འཁོར། སྔོག་འདོན་འཕྲུལ་འཁོར། སྐོར་གཡེང་རླངས་འཁོར་སོགས་འཕྲུལ་ཆས་དང་སྒྲིག་ཆས་ཆ་ཚང་པོ་ཡོད་པས་ལས་སོས་ཡང་དུ་ཕྱིན་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ལམ་སྐྱོང་བཟོ་པའི་འཚོ་བ་ཡག་ཏུ་ཕྱིན་པ་དང་། ང་ཚོར་ཉལ་ཁང་བརྒྱབ་པ་དང་མ་བྱན་དང་འགྲིམ་འགྲུལ་རླངས་འཁོར་ཡང་ཡོད་པས། འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད”ཅེས་ཉི་མ་ཚེ་རིང་གིས་གསུངས།
རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཞིག་གི་ངོས་ནས། ཉི་མ་ཚེ་རིང་གིས་ལས་རོགས་དང་ལམ་སྐྱོང་འཐབ་གྲོགས་ཀྱི་ཡིད་ཆེས་བློ་ལ་འཆང་བཞིན་ཚོགས་འདུར་ཞུགས་ཤིང་། ཁོང་གིས“བོད་ཀྱི་འགྲིམ་འགྲུལ་ལ་བྱུང་བའི་འགྱུར་ལྡོག་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ང་ཚོ་ལམ་སྐྱོང་བཟོ་པ་ཚོས་ལས་གནས་བརྟན་སྲུང་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ་གཞུང་ལམ་ཤར་གཏོང་དང་གཞུང་ལམ་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ཏེ། ཏང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན”ཞེས་གསུངས།