དབུ་ཤོག>ཆེད་སྒྲིག
  • ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པའི་བློ་རྩ་བརྟན་པོ་དང་སྙིང་རུས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-11-20

    ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་མ་ཟད། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཡང་ཐུག་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ལོ་བརྒྱའི་ལོ་རྒྱུས་ལམ་བུར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་འབྲེལ། “རང་ངོས་གསར་བརྗེ་མཐའ་འཁྱོངས་བྱ་རྒྱུ”དེ་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་བཅུའི་གྲས་སུ་སྙིང་བསྡུས་བྱས་ཁར། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་འཐབ་བྱས་ན་གནས་ཐུབ་པ་དང་བདེ་ཆགས་རོལ་རྩེད་བྱས་ན་འཇིག་ངེས་ཡིན་པ་དང་རྒྱུན་དུ་ཕུགས་བསམ་དང་བདེ་སྡོད་ཉེན་བསམ་བློ་ལ་བརྟན་པོར་བཅངས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། དཀའ་ངལ་ལ་མི་སྐྲག་པ་དང་དཀའ་ངལ་གྱིས་གཉའ་གནོན་མི་ཐུབ་པ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གྲུ་གཟིངས་རླབས་གཤགས་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་ངེས་པར་དུ་ནན་པོས་སྐྱོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཏང་ལ་དོ་དམ་དང་ཏང་ནན་པོས་བསྐྱངས་གནང་བ་མ་ཟད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཇུས་འགོད་དང་བཀོད་སྒྲིག་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཐད་རྩེ་རིམ་ཇུས་འགོད་གནང་ཡོད། “ཏང་ནི་ཏང་སྲིད་དམག་དམངས་སློབ་གྲྭ་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་ཡིན་པ”ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་པ”རྩ་ཁྲིམས་ནང་བཀོད་ནས་ཏང་གི་འགོ་ཁྲིད་སྔར་བས་མཐའ་འཁྱོངས་བྱ་རྒྱུར་ལམ་ལུགས་རང་བཞིན་གྱི་ཚད་གཞི་བཏོད་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་གི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་དོན་འཁྱོལ་བྱས་ཡོད། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་། ཆབ་སྲིད་ཀྱི་འགན་འཁྲི་བཅས་ལ་ཤུགས་སྣོན་རྒྱག་པ། བསམ་བློ་ནན་སྐྱོང་དང་། ལྟ་སྐུལ་ནན་པོ། སྒྲིག་ཁྲིམས་ལག་བསྟར་ནན་པོ། འགོ་ཁྲིད་བཅོས་སྐྱོང་ནན་པོ། སྤྱོད་ཚུལ་ནན་སྐྱོང་། རུལ་རྒོལ་ནན་པོ་བཅས་མཐའ་འཁྱོངས་བྱས་ནས་ཏང་གིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོན་གཉེར། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ལམ་བུ་གསར་པར་སྐྱོད་སྐབས། རང་རེའི་ཏང་གི་མདུན་དུ་འཕྲད་པའི་ཡུན་རིང་སྲིད་སྐྱོང་གི་ཚོད་བགམ་དང་། སྒྱུར་བཅོས་སྒོ་དབྱེའི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ། ཕྱི་རོལ་ཁོར་ཡུག་གི་ཚོད་བགམ་བཅས་ནི་དུས་ཡུན་རིང་ཞིང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་དང་། བསམ་བློའི་ཐད་ཀྱི་སྒྱིད་ལུག་གི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ནི་རྣོ་ངར་ཆེ་ཞིང་ཛ་དྲག་ཆེ་བ་ཞིག་ཡིན་པར་ངེས་པར་དུ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས། རང་རེའི་ཏང་ནི་ལོ་བརྒྱའི་ཏང་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཇི་ལྟར་བྱས་ཏེ་སྔོན་ཐོན་རང་བཞིན་དང་། དྭངས་གཙང་རང་བཞིན། ལང་ཚོའི་གསོན་ཤུགས་བཅས་ནམ་ཡང་གནས་པ་བྱེད་པ་དང་། ཇི་ལྟར་བྱས་ནས་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ནམ་ཡང་ཐོབ་པར་བྱེད་པ། ཇི་ལྟར་བྱས་ནས་ཡུན་རིང་སྲིད་སྐྱོང་མངོན་འགྱུར་བཅས་བྱ་རྒྱུ་ནི་ང་ཚོས་ངེས་པར་དུ་ལན་ཡག་པོ་རྒྱག་པ་དང་ཐག་གཅོད་ཡག་པོ་བྱེད་དགོས་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། གྲི་དངོ་ནང་ལ་ཕྱོགས་ཕོད་པ་དང་དཔའ་བོས་ལག་ངར་གཅོད་ཕོད་པའི་སྙིང་སྟོབས་ལྡན་ཚེ། གཞི་ནས་ནམ་ཡང་རང་ཉིད་ལ་ཉམས་སད་ཐེག་ཐུབ་པ་དང་། ནམ་ཡང་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་རྐང་འཛིན་པར་འགྱུར་ཐུབ་པ། ནམ་ཡང་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་དུ་འགྱུར་ཐུབ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་རང་ངོས་གསར་བརྗེ་མཐའ་འཁྱོངས་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་བློ་རྩ་བརྟན་པོ་དང་སྙིང་རུས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་ཡོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། རང་རྟོགས་ངང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེ་གསར་པར་ཁྲིད་སྟོན་བྱེད་པ་དང་། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་ཡོངས་ཀྱི་དྲང་ནུས་ཆེན་པོར་བརྟེན་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཚེ། ནམ་ཡང་ཉམས་པ་མེད་པའི་གསོན་ཤུགས་དང་འཐབ་ནུས་ཆེན་པོ་ལྡན་པའི་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་ལེན་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།