ཏང་གི་ལོ་རྒྱུས་ནི་གསོན་ཉམས་ལྡན་ཤོས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་དེབ་ཅིག་ཡིན་ཞིང་། རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གོམ་པ་རེ་རེ་བཞིན་འཕེལ་རྒྱས་བྱུང་བའི་གལ་འགངས་ཆེ་ཤོས་ཤིག་ནི། ཟམ་མི་ཆད་པར་ཉམས་མྱོང་ཕྱོགས་སྡོམ་དང་། འཇོན་ཐང་ཆེ་རུ་གཏོང་བ། ཉེན་ཁར་ཁ་གཏད་གཅོག་པ། འགྲན་སློང་བསུ་བ། ཉེན་ཁ་སེལ་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དེ་ཡིན།
ལོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་རླབས་པོ་ཆེ་བྱས་ནས་ཡར་རྒྱས་ཁྲོད་ཚད་བརྒལ་ཡོང་བ་དང་། བར་ཆད་ཁྲོད་འབད་འཐབ་བྱེད་པ། ཕྱོགས་སྡོམ་ཁྲོད་གོང་མཐོར་གཏོང་བ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་། རྩ་བའི་རང་བཞིན་དང་ཕུགས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དོན་ཚན་བཅུ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། རིགས་པའི་གཞུང་ལུགས་གསར་གཏོད་མཐའ་འཁྱོངས། རང་ཚུགས་རང་བདག་མཐའ་འཁྱོངས། ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས། བློ་རྒྱ་ཡངས་པོ་མཐའ་འཁྱོངས། གསར་འབྱེད་གསར་གཏོད་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ་མཐའ་འཁྱོངས། འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས། རང་ངོས་གསར་བརྗེ་མཐའ་འཁྱོངས་བཅས་སུ་སྙིང་བསྡུས་བྱས་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་བཅུ་པོ་འདི་ནི། མ་ལག་ཆ་ཚང་བ་དང་ཕན་ཚུན་འབྲེལ་མཐུད་ཀྱི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་པ་དེ་ལས། ཏང་དང་མི་དམངས་ཀྱི་བྱ་གཞག་ཟམ་མི་ཆད་པར་ལེགས་གྲུབ་ཡོང་བའི་རྩ་བའི་འགན་ལེན་དང་། ཏང་ཐོག་མཐའ་བར་གསུམ་དུ་མི་ཕམ་པར་གནས་པའི་སྟོབས་ཤུགས་ཀྱི་འབྱུང་རྩ། ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་རྩ་བའི་རྒྱུ་རྐྱེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པར་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་རྩ་བའི་ཐབས་ལམ་བཅས་གསལ་པོར་བསྟན་པ་དེར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་དང་དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་ཡོད།
ཏང་གི་ཉམས་མྱོང་ནི་རང་རེའི་ཏང་གིས་དཀའ་སྡུག་ཚད་མེད་ཀྱིས་དུས་ཡུན་རིང་པོའི་འཚོལ་ཞིབ་ཁྲོད་བསགས་པ་ཞིག་ཡིན་ཞིང་། དེ་ལས་རྒྱལ་ཕམ་དང་ཐོབ་ཤོར་བསྡུས་ཡོད་ལ། ཁྲག་དྲོན་དང་རྔུལ་ཆུ་ཡང་བསྡུས་ཡོད་པ་མ་ཟད། བློ་གྲོས་དང་ངར་ཤུགས་ཀྱིས་ཕྱུག་པས། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་མཁན་སྲོག་ཤིང་གི་སྟོབས་ཤུགས་ཡིན་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་ནས་བཟུང་ལོ་རྒྱུས་ཀྱི་ལས་དབང་སྒྱུར་ཐུབ་དོན་དང་། ད་ཆའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་དོན་གྱི་ཆེས་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་། ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཁྲོད་ཡོད་པ། མི་དམངས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་གཏིང་ཤུགས་ཆེ་ཤོས་ཡིན་པ།
མར་ཁེ་སི་རིང་ལུགས་ནི་རང་རེའི་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བའི་མཛུབ་ཁྲིད་བསམ་བློ་ཡིན་པ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་ཙམ་མིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཕེལ་རྒྱས་གཏོང་དགོས་པ་དང་། ངེས་པར་དུ་ཀྲུང་གོ་ཅན་དུ་གྱུར་ཚེ་གཞི་ནས་རྩ་བ་ཚུགས་ཐུབ་པ་དང་གཞི་ནས་རང་ཡུལ་ཅན་དུ་གྱུར་ནས་མི་སེམས་སུ་ཟུག་ཐུབ་པ། རང་ཚུགས་རང་བདག་ནི་ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་བླ་སྲོག་དང་རང་རེའི་ཏང་འཛུགས་རྒྱལ་འཛུགས་ཀྱི་རྩ་དོན་གལ་ཆེན་ཡིན་པ་དང་རང་ཉིད་ཀྱི་ལམ་དུ་བསྐྱོད་པ་ནི་ཏང་གི་ལོ་བརྒྱའི་འབད་འཐབ་ལས་ཐོབ་པའི་ལོ་རྒྱུས་ཀྱི་སྡོམ་ཚིག་ཡིན་པ། ཁ་ཕྱོགས་ཀྱིས་འགྲོ་ལམ་ཐག་གཅོད་བྱེད་པ་དང་། འགྲོ་ལམ་གྱིས་ལས་དབང་ཐག་གཅོད་བྱེད་པར་བརྟེན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་རྒྱལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་དོན་དངོས་དང་འཚམ་པའི་ཡང་དག་པའི་འགྲོ་ལམ་འཚོལ་ཞིབ་དང་འགྲུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཡིན་པ། འགྲོ་ལམ་ཆེན་པོར་སྐྱོད་པ་དང་གནམ་འོག་སྤྱི་སྙོམ་དུ་གྱུར་པ་བྱེད་པའི་ཐད། ཏང་གིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ཐོག་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ཏེ་མིའི་རིགས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་། འཛམ་གླིང་འགྱུར་ལྡོག་གི་རྣམ་པ་ཆེན་པོ། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆེན་པོ་བཅས་ནས་ཕྱི་རོལ་གྱི་འཛམ་གླིང་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱས་ཏེ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་པ། བྱ་གཞག་ཇི་ཙམ་རླབས་པོ་ཆེ་བ་དང་ཇི་ཙམ་དཀའ་ཚེགས་དང་ཉེན་ཁ་ཆེ་ན། དེ་ཙམ་གྱིས་དཀའ་སྤྱད་འབད་འཐབ་དང་གསར་འབྱེད་གསར་གཏོད་བྱེད་དགོས་པས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་གཞན་གྱི་སྔོན་དུ་སྒྲུབ་ཕོད་པ་བྱས་ཏེ་སྔོན་བྱོན་པས་བསྐྱོད་མ་མྱོང་བའི་ལམ་བུར་བསྐྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་གནམ་ནས་ཟགས་པ་མིན་ལ། གཞན་གྱིས་སྦྱིན་པ་ཞིག་དེ་བས་མིན་པར། ཟམ་མི་ཆད་པར་འཐབ་རྩོད་བྱས་པ་ལས་བྱུང་བ་ཞིག་ཡིན་པ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་ཆེས་རྒྱ་ཁྱབ་ཀྱི་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུ་ནི་ཏང་གིས་དགྲ་འདུལ་གཡུལ་རྒྱལ་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་སྲིད་ཏང་གཞན་དང་དབྱེ་བ་ཡོད་པའི་མཚོན་རྟགས་མངོན་གསལ་ཞིག་ཡིན་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ནི་ཏང་ལ་ནམ་ཡང་ལང་ཚོའི་གསོན་ཤུགས་ལྡན་པའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན་པ་བཅས་ལོ་རྒྱུས་དང་དོན་དངོས་ལས་གསལ་བཤད་གང་ལེགས་ཐུབ་ཡོད། 《གྲོས་ཆོད》ནང་གནད་ལ་འཕིགས་པའི་སྒོ་ནས་ལོ་རྒྱུས་ཀྱི་ཉམས་མྱོང་བཅུ་སྙིང་བསྡུས་བྱས་ཡོད། འདི་ནི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་བསགས་པའི་རྩ་ཆེའི་ཉམས་མྱོང་ཞིག་དང་ཏང་དང་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ལ། དུས་རབས་གསར་པའི་ལག་ལེན་ཁྲོད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས།
རྒྱང་སྐྱོད་ཀྱི་ལམ་བུ་རླབས་པོ་ཆེ་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལེན་པ་དང་། མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱེད་པ། སྙིང་རུས་ཆེན་པོས་འབད་འཐབ་དང་འབད་འཐབ་ལྷོད་མེད་བཅས་བྱས་ཚེ། ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་བརྗིད་ཆེའི་ལེའུ་གསར་པ་རྩོམ་ཐུབ་ངེས་དང་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་ཐུབ་ངེས་རེད།