ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་རྗེས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་ཧུར་ཐག་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་བསུས་པའི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དེས་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་རླབས་ཆེན་འགན་འཁྲི་ཁུར་བའི་ངོས་འཛིན་བྱེད་ཀྱི་ཡོད། འདས་ཟིན་པའི་འབད་འཐབ་ལམ་བུར་ཕྱིར་དྲན་དང་མདུན་ཕྱོགས་ཀྱི་འབད་འབུངས་ཡར་བརྩོན་གྱི་ལམ་བུར་རྒྱང་ལྟ་བྱེད་སྐབས་ཚང་མས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད། ཏང་ནི་ང་ཚོས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་སྲོག་ཤིང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་བསྡུ་ལེན་དང་དུས་རབས་གསར་པའི་རྒྱུགས་སྤྲོད་ལམ་བུའི་ཐོག་མུ་མཐུད་འབད་འཐབ་བྱས་ཏེ་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དེ་བས་རླབས་ཆེན་གྱི་གཟི་བརྗིད་ཐོབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི་འཆད་ཁྲིད་དགེ་རྒན་ཀྲུའུ་ཡ་ཁྲེང་གིས་འཕྲལ་མར་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་བྱས་པ་རེད། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ནང་ལོ་བརྒྱའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་ཆེད་དུ་འབད་འཐབ་དང་། བློས་གཏོང་། གསར་གཏོད་བཅས་བྱས་པ་འདུས་པ་དང་། “སྔོན་ཆད་ང་ཚོར་གྲུབ་འབྲས་ཐོབ་དོན་གང་ཡིན་པ་དང་འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ཚེ་མུ་མཐུད་གྲུབ་འབྲས་ཐོབ་ཐུབ་པ”གསལ་བཤད་གཏིང་ཟབ་བྱས་ཡོད། ལུས་རྩལ་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལུས་རྩལ་ཚན་རིག་ཞིབ་འཇུག་ལས་དོན་ཁྲོད“ལུས་རྩལ་སྟོབས་ཆེའི་ལྗོངས་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལུས་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་པ་ཞིབ་འཇུག་གི་ཁ་ཕྱོགས་དང་ལས་འགན་གལ་ཆེན་ལ་བརྩི་རྒྱུ་ཡིན་ཞེས་བཤད་པ་རེད།
བོད་ལྗོངས་དངུལ་རྩའི་བཟོ་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཏེའོ་ཡན་གྱིས། འདས་ཟིན་པའི་ལོ་བརྒྱའི་རིང་ཏང་གིས་ང་ཚོ་མི་རིགས་ཁག་གི་མི་དམངས་ལ་ཕུལ་བའི་ཕུལ་བྱུང་གི་རྒྱུགས་ལན་འབྱོར་ཡོད། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད། དུས་རབས་གསར་པའི་དངུལ་རྩའི་བཟོ་ཚོགས་ཀྱི་ལས་དོན་པ་ཞིག་ཡིན་པའི་ང་ཚོས་སླད་ཕྱིན་གྱི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་གཞི་རྩའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་། དངུལ་རྩའི་ལས་བཟོའི་ཁྲིམས་མཐུན་ཁེ་དབང་གི་ཚབ་བྱེད་པ་དང་སྲུང་སྐྱོང་བྱ་རྒྱུ་དང་། ལས་བཟོ་སྒྲིག་འཛུགས་བྱས་ནས་དངུལ་རྩའི་ལས་རིགས་ཀྱི་དམངས་གཙོའི་དོ་དམ་དང་དམངས་གཙོའི་ལྟ་སྐུལ་ཁྲོད་ཞུགས་ཏེ་དངུལ་རྩའི་ལས་རིགས་ཀྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། རྒྱ་ཆེའི་ལས་བཟོ་སྒྲིག་འཛུགས་བྱས་ནས་དངུལ་རྩའི་ཁེ་ལས་གཉེར་སྐྱོང་དང་དོ་དམ་ལ་དམིགས་ཏེ། ངལ་རྩོལ་འགྲན་བསྡུར་བྱེད་སྒོ་སྤེལ་ནས་བོད་ཀྱི་དངུལ་རྩའི་བྱ་གཞག་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
དགུན་སྟོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་དྲོ་སྐྱིད་ཀྱི་རྣམ་པ་ཞིག་མངོན་ཞིང་། ལྟོ་གོས་འཛོམས་པ་ནས་ཟས་གོས་སྡོད་གསུམ་ཡག་པོ་ཡོད་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བར་རྣམ་སྲས་གླིང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲོང་ཚོ་དེའི་ཧྲུའུ་ཅི་དང་པོ་ཙེང་མིང་ཆང་གིས། “ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ཞིང་། འདི་ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངར་སེམས་འགུལ་ཚད་མེད་ཐེབས་བྱུང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས། ངར་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་སྔར་བས་མྱོང་ཚོར་ཐུབ་བྱུང་། སླད་ཕྱིན་གྱི་ལས་དོན་ཁྲོད་ངས་ལས་དོན་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་འཆང་བ་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས། ཡར་ཀླུང་གཙང་པོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ལ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།