ཟླ་11ཚེས་8ནས་11ཉིན་བར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་ནས། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》དང《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་ཚོགས་བྱེད་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ལོ་རྒྱུས་གལ་ཆེན་གྱི་འགག་རྩའི་དུས་སུ་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་རེད། དེར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ད་ཐེངས་ཀྱི་ཚོགས་ཆེན་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། ཚོགས་འདུའི་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ང་ཚོས་རྒྱུགས་འབུལ་བའི་ལམ་གསར་པར་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་འབད་འབུངས་བཅས་བྱེད་པར་རོགས་རམ་བྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་དགོས།
“ལོ་ངོ་སྟོང་གི་ཕུགས་འདུན་དང་ལོ་བརྒྱའི་འབད་འཐབ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མདུན་དུ་སྐྱོད་པའི་གོམ་སྟབས་ཆེན་པོ་གསར་པ་ཞིག་རེད”ཅེས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གཡང་ཆེན་སྤུ་ཆགས་ཁ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་སློབ་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཤུས་ཀྲང་གིས་བརྗོད། ཁོང་གིས་གྲོང་སྡོད་ལས་བྱེད་པ་ཞིག་གི་ངོས་ནས། ངས་སྤྲོ་སེམས་ཀྱིས་ཕྱུག་པའི་བསམ་པའི་ཉམས་འགྱུར་དང་ལས་ཀའི་རྣམ་འགྱུར་ཡག་ཤོས་ལ་བརྟེན་ནས། མུ་མཐུད་གཞི་རིམ་གྱི་ལས་དོན་ལ་ཞུགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཞི་རིམ་གྱི་མང་ཚོགས་ཁྲོད་དུ་ཁྱབ་སྤེལ་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།
“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་རེད་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཀྱང་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད”ཅེས་ལྷ་ས་ཁང་ཏ་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཧྥོང་མིན་གྱིས་བརྗོད། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་བལྟས་རྗེས། རང་ཉིད་ལ་མྱོང་ཚོར་ཆེ་ཤོས་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་དུས་དཔགས་བབ་བསྟུན་དང་གནད་དོན་ཐག་གཅོད་བྱས་ནས་རྒྱལ་ཁ་མང་པོ་བླངས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་བྱས་ཡོད་ཅེས་བརྗོད།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པའི་གནས་ཚུལ་ཐོས་སྐབས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་ལྕག་ཟབ་མོ་ཐེབས་ནས། ཁོ་ཚོས་འཕྲལ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ལ་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད། “ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སྦྱངས་ནས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། འབྱུང་འགྱུར་ལའང་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་ལྷ་ས་གནམ་ཐང་ཟོག་འདྲེན་ཀུང་སིའི་ཕྱོགས་བསྡུས་ལས་སྒོ་ཁང་གི་ཅིང་ལེ་ཝུའུ་ཆང་གིས་བརྗོད། ཁོང་གིས“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོའི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་སོང་། དམངས་སྤྱོད་མཁའ་འགྲུལ་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས། ངས་སྤྱི་ཁྱབ་ཧུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་འབད་བརྩོན་ཧུར་ཐག་བྱས་ཏེ་ལས་དོན་ཁག་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་བརྗོད།
ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་བཀྲམ་རྗེས། ཆུ་གློག་ཅུས་དགུ་པ་བོད་ལྗོངས་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཧུའུ་ཀྲུང་ཁོའོ་ལ་དོ་སྣང་ཆེན་པོ་བྱུང་ནས། དེའི་སྐོར་དུས་ཐོག་ཏུ་སྦྱངས་པ་རེད། ཁོང་གིས“ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་སེམས་འགུལ་དང་སྐུལ་ལྕག་ཟབ་མོ་ཐེབས་བྱུང་། ཆུ་གློག་ལས་གྲྭའི་འཛུགས་སྐྲུན་པ་ཞིག་གི་ངོས་ནས། ངས་དཀའ་ངལ་འཕྲད་སྐབས་འབད་འཐབ་ཀྱི་རྩོལ་ཤུགས་དང་། གདོང་མཆོང་གི་ངར་ཤུགས། ཡར་རྒྱས་ཀྱི་སེམས་ཤུགས་བཅས་ལ་བརྟེན་ཚེ། ཕུགས་བསམ་དོན་གཉེར་གྱི་གོམ་སྟབས་འགོག་མི་ཐུབ། སླད་ཕྱིན་ངས་ཀུང་སིའི་ལས་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྐྱོན་བྲལ་དང་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་དང་བློ་ཁོག་ཆེན་པོས་བྱས་རྗེས་བཞག་ནས། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།