དབུ་ཤོག>ཆེད་སྒྲིག
  • ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-11-13

    1292332_yis_1636732800000_s.jpg

    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2021ལོའི་ཟླ་11ཚེས་8ཉིན་ནས་11ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

    1292334_yis_1636732800000_s.jpg

    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2021ལོའི་ཟླ་11ཚེས་8ཉིན་ནས་11ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཞི་ཅིན་ཕིང་གིས《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ།

    ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་2022ལོའི་ལོ་སྨད་ལ་པེ་ཅིང་དུ་སྐོང་ཚོགས་བྱ་རྒྱུའི་གཏན་འབེབས་བྱས་པ།

    ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་དོན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཁ་སང་གི་དཀའ་སྡུག་དང་གཟི་བརྗིད་བརྗེད་མི་རུང་ལ། དེ་རིང་གི་འགན་འཁྲི་འཁུར་སེམས་ལ་ངོ་གནོང་མི་དགོས་པ། སང་ཉིན་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་གཏོང་བ། ལོ་རྒྱུས་མེ་ལོང་དུ་འཛིན་པ། མ་འོངས་གསར་གཏོད་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་སྒྲུབ་པ། བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། འདས་ཟིན་པའི་ལོ་ངོ་བརྒྱའི་ནང་རྒྱལ་ཁ་དང་གཟི་འོད་རླབས་པོ་ཆེ་ཐོབ་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྒྱལ་ཁ་དང་གཟི་འོད་སྔར་ལས་རླབས་པོ་ཆེ་འཐོབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

    (2021ལོའི་ཟླ་11ཚེས་11ཉིན། ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)

    ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2021ལོའི་ཟླ་11ཚེས་8ཉིན་ནས་11ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་གྲས་སུ་ཀྲུང་དབྱང་ཨུ་ཡོན་197དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་151ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་འགའ་ཞིག་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ཞི་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་ཉན་པ་དང་གྲོས་བསྡུར་བྱས་ཤིང་། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། གཅིག་མཐུན་ཐོག་ངོས་འཛིན་བྱས་དོན། ལོ་གཅིག་གི་རིང་། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་མཉམ་འདྲེས་ཀྱི་ཤུགས་རྐྱེན་ཐེབས་ཏེ། ཕྱིའི་ཁོར་ཡུག་སྔར་བས་རྙོག་འཛིང་དང་ཛ་དྲག་ཏུ་གྱུར་པ་དང་རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ཁག་ཧ་ཅང་རྙོག་འཛིང་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བསྐྲུན་པ། དཔལ་འབྱོར་གྱི་འཕེལ་ཕྱོགས་ཅུང་ལེགས་པོ་མཐའ་འཁྱོངས་བྱུང་བ། ཚན་རྩལ་རང་ཚུགས་རང་དར་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བ། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ཐོབ་པ། དམངས་འཚོ་འགན་ལེན་དང་ལེགས་སུ་ནུས་ལྡན་བཏང་བ།  སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས་བྱས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ཡིན་ལ་ཕན་ནུས་ཐོན་པ། རང་བྱུང་གི་གནོད་འཚེ་ཚབས་ཆེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དངོས་སུ་ཁྱབ་བསྒྲགས་གནང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤོབས་པ་ཆེར་སྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་མ་བཏང་གནང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུ་ནི། གཅིག་ནས་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་རེད། གཉིས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། ཏང་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་དུ་སྐྱོད་པར་འགན་ལེན་བྱེད་པའི་དགོས་མཁོ་རེད། གསུམ་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་འཐབ་རྩོད་ཀྱི་འཇོན་ཐང་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་རེད། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་སྔོན་ཆད་ང་ཚོར་ལེགས་གྲུབ་བྱུང་དོན་ཅི་ཡིན་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་ལེགས་གྲུབ་འབྱུང་ཐུབ་པ་གསལ་པོ་ཤེས་པར་བྱས་ཏེ། སྔར་བས་བློ་རྩ་བརྟན་པོ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་1921ལོར་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ཡོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། ལོ་ངོ་བརྒྱ་ཡི་འོད་སྟོང་འབར་བའི་བརྒྱུད་རིམ་བརྒྱུད་མྱོང་ཡོད། ཏང་དང་མི་དམངས་ཀྱིས་ལོ་བརྒྱར་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་འཐོབ་པ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་རེད། གསར་བརྗེའི་འཐབ་རྩོད་ནང་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་བྱེ་བྲག་གི་དོན་དངོས་ཟུང་འབྲེལ་བྱས་ཏེ། དཀའ་སྤྱད་འཚོལ་ཞིབ་བྱས་པ་དང་བློས་གཏོང་ཧ་ཅང་ཆེན་པོ་བྱས་ནས་བསགས་པའི་རང་ཚུགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་ཉམས་མྱོང་རབ་དང་རིམ་པར་རིགས་པའི་གཞུང་ལུགས་ཐོག་ནས་སྙིང་བསྡུས་བྱས་པ་དང་། གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་གསར་བརྗེའི་འགྲོ་ལམ་ཡང་དག་བཏོད་པ། མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་བྱས་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ལེན་པར་ཁ་ཕྱོགས་ཡང་དག་བསྟན་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲག་བཏོན་དམར་འཛིང་བྱས་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་སྟེ། ཀྲུང་གོ་རྙིང་པའི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་། བཤུ་གཞོག་གཏོང་མཁན་ཆེས་ཉུང་ཤས་ཀྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ། ཀྲུང་གོ་རྙིང་པའི་ཁ་ཐོར་དགུ་ཐོར་གྱི་རྣམ་པ་རྦད་དེ་མཇུག་འགྲིལ་བ། བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འགེལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་རྦད་དེ་མེད་པར་བཟོས་པ། ཀྲུང་གོ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་པོ་ཆེ་བྱུང་ཡོད་ལ། འཛམ་གླིང་གི་ཆབ་སྲིད་གནས་སྟངས་ལའང་འགྱུར་ལྡོག་ཆེན་པོ་བཏང་བ་དང་། འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་མཁན་མི་རིགས་དང་གཉའ་གནོན་མྱོང་མཁན་མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་སྐུལ་མ་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་ད་ནས་བཟུང་ཀྲུང་གོའི་མི་དམངས་ཡར་ལངས་ཐོབ་ནས། ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་རང་སྣང་གང་ཤར་གྱིས་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་བྱེད་པའི་དུས་རབས་མཇུག་འགྲིལ་བ་དང་། ཀྲུང་གོའི་འཕེལ་རྒྱས་ད་ནས་བཟུང་དུས་རབས་གསར་པ་ཞིག་འགོ་བརྩམས་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ་ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་སྒྱུར་བ་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་འདིང་རྒྱུ་དེ་རེད། དུས་སྐབས་དེའི་ནང་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་བཏོན་པ་རེད། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྲུང་གོར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བེད་སྤྱོད་དང་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན་ཞིང་། ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་བའི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་ཉམས་མྱོང་ཕྱོགས་སྡོམ་ཞིག་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་ཐེངས་དང་པོ་ཡང་རེད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་མངོན་འགྱུར་བྱུང་ཞིང་། དབུལ་ཞིང་ཕོངས་པ་དང་མི་གྲངས་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་གོམ་སྟབས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བསྐྱོད་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་བ་རེད། རང་རྒྱལ་གྱིས་རང་ཚུགས་དང་ཅུང་ཆ་ཚང་བའི་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས་ཤིང་། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། མི་དམངས་བཅིངས་འགྲོལ་དམག་རྒྱ་སྐྱེད་དང་འཕེལ་རྒྱས་བྱུང་བ་དང་། ཀྲུང་གོ་རྙིང་པའི་བརྙས་བཅོས་མྱོང་བའི་ཕྱི་འབྲེལ་རྦད་དེ་མཇུག་འགྲིལ་བ་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་དཔལ་དང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོའི་མི་དམངས་ནི་འཇིག་རྟེན་རྙིང་པ་ཞིག་གཏོར་མཁས་པ་མ་ཟད། ད་དུང་འཇིག་རྟེན་གསར་པ་ཞིག་སྐྲུན་མཁས་པོ་ཡོད། སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་འཕེལ་རྒྱས་གཏོང་ཐུབ་པ་ཁྱབ་བསྒྲགས་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཡང་དག་མུ་མཐུད་འཚོལ་ཞིབ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་སྟེ། མི་དམངས་དབུལ་ཕོངས་ཀྱི་གནས་ལས་བསྒྲལ་བ་དང་མགྱོགས་མྱུར་ཕྱུག་པོར་གྱུར་པར་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་གསོན་ཤུགས་གསར་པས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དངོས་པོའི་ཆ་རྐྱེན་གཏོད་རྒྱུ་དེ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། བློ་མཐུན་ཏེང་ཞའོ་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཞེས་པ་ཇི་འདྲ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པའི་རྩ་བའི་གནད་དོན་འདིར་དམིགས་ཤིང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་ཤིང་། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་བསྒྱུར་བ་དང་སྒྱུར་བཅོས་སྒོ་དབྱེ་ལག་བསྟར་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གསལ་སྟོན་གཏིང་ཟབ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་པ། རང་ཉིད་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་གསལ་པོར་བཏོན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་བར་དུ་གོམ་སྟབས་གསུམ་དུ་ཕྱེ་ནས་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འཁེལ་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ། བློ་མཐུན་ཅང་ཙེ་མིན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཅི་ཞིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ། ཏང་ཇི་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ། ཏང་ཇི་ལྟར་འཛུགས་སྐྲུན་བྱེད་དགོས་པ་བཅས་ལ་ངོས་འཛིན་སྔར་བས་ཟབ་མོ་བྱུང་ནས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྲུབ་པ་རེད། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བའི་ཉམས་སད་དྲག་པོའི་མདུན་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྤྱི་དབང་ལམ་ལུགས་གཙོ་བོར་འཛིན་པ་དང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་པ། ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་བཏང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་བདེ་བླག་ངང་སྐུལ་འདེད་བཏང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རིང་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་བྱེད་པར་སྐུལ་འདེད་བཏང་བ་དང་། གནས་བབ་གསར་པའི་འོག་འཕེལ་རྒྱས་ཇི་འདྲ་ཞིག་མངོན་འགྱུར་བྱེད་དགོས་པ་དང་། འཕེལ་རྒྱས་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་ལན་བཏབ་ནས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཆགས་པ་རེད། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱས་པ་དང་། མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་མཐུན་སྦྱོར་བྱ་རྒྱུ་ནན་བཤད་བྱས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱས་པ། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྐུལ་སྤེལ་བཏང་བ། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་བཅས་བྱས་པས། གནས་བབ་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བདེ་བླག་ངང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དུས་སྐབས་དེའི་ནང་ཏང་གིས་ལག་ལེན་དང་དུས་རབས་ཀྱི་ཁྱད་ཆོས་གསར་པ་ནས་འགོ་བཙུགས་ཏེ་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་། འཕེལ་རྒྱས་ཀྱི་དུས་རིམ། རྩ་བའི་ལས་འགན། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཕེལ་རྒྱས་ཀྱི་འཐབ་ཇུས། ཆབ་སྲིད་ཀྱི་འགན་ལེན། མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས། འགོ་ཁྲིད་ཀྱི་སྟོབས་ཤུགས། རྒྱབ་རྟེན་གྱི་སྟོབས་ཤུགས་སོགས་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ་རེད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བསམ་བློར་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་དང་། རང་རྒྱལ་གྱིས་ཚད་མཐོའི་གཅིག་སྡུད་ཀྱི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་དང་། བཀག་སྡོམ་དང་ཕྱེད་བཀག་སྡོམ་ནས་ཕྱོགས་ཡོངས་ནས་སྒོ་དབྱེའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་བ། ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་རྗེས་ལུས་ཡིན་པའི་གནས་བབ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་བ། མི་དམངས་ཀྱི་འཚོ་བ་ལྟོ་གོས་འཕྱིད་ཙམ་ནས་སྤྱི་ཡོངས་འབྱོར་འབྲིང་དུ་གྱུར་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ།  ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་ལ་སྐུལ་འདེད་བཏང་བ་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་གཟི་བརྗིད་ལྡན་པའི་ངང་སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་མཆོག་ཅིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོ་དར་རྒྱས་གོང་འཕེལ་ཡོང་བར་ཁྲིད་སྟོན་བྱེད་པའི་འགྲོ་ལམ་ཡང་དག་ཅིག་ཡིན་ཞིང་། ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་བསྙེགས་པའི་ཁྱབ་བསྒྲགས་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་དགོས་པ་དེ་ཡིན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་ཚུགས་རང་དར་དང་། དྲང་སྲུང་གསར་གཏོད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་གསར་གཏོད་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་དང་། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་པ་དང་། ཏང་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱས་ཤིང་། དོན་དངོས་གསར་པ་ནས་འགོ་བརྩམས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དགོངས་པ་ཟབ་མོ་བཞེས་པ་དང་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་དེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཇི་འདྲ་ཞིག་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཡུན་རིང་སྲིད་འཛིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་འདྲ་ཞིག་འཛུགས་སྐྲུན་བྱེད་པ། ཡུན་རིང་སྲིད་འཛིན་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དག་ལ་ཐོག་མའི་གསར་གཏོད་རང་བཞིན་ལྡན་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱེད་མཁན་གཙོ་བོ་དེ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད། ཏང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་རེ་འདུན་མཚོན་ཡོད་ལ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་དྲག་པོ་བཅས་ལ་བརྟེན་ནས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱས་ཏེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ཏེ། མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། ཏང་གི་འགོ་ཁྲིད་བྱེད་སྟངས་སྔར་བས་ཚན་རིག་དང་མཐུན་པ། ཏང་ཡོངས་བསམ་བློའི་ཐད་སྔར་བས་གཅིག་གྱུར་དང་། ཆབ་སྲིད་ཐད་སྔར་བས་མཐུན་སྒྲིལ། བྱ་སྤྱོད་ཐད་སྔར་བས་གཅིག་མཐུན་བཅས་བྱུང་བ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལྷུག་ལྷོད་འཇམ་གསུམ་ཡིན་པའི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་པ། གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་ཏང་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། དཔལ་འབྱོར་འཛུགས་སྐྲུན་ཐད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། རང་རྒྱལ་གྱི་དཔལ་འབྱོར་སྔར་བས་སྤུས་ཚད་མཐོ་བ་དང་། སྔར་བས་ལས་ཆོད་ཆེ་བ། སྔར་བས་དྲང་སྙོམས་ཡིན་པ། སྔར་བས་རྒྱུན་མཐུད་ཆོག་པ། སྔར་བས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སླེབས་ཡོད། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད། ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་ངེས་གཏན་བྱུང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད། ཆབ་སྲིད་འཛུགས་སྐྱོང་ཐད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་བཏང་སྟེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་སྔར་བས་ལེགས་པོ་བྱུང་བ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བྱུང་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་བས་བརྟན་པོ་སྤོས་པ། ཏང་གིས་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རིག་གནས་འཛུགས་སྐྱོང་ཐད། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེས་ཆེར་ཆེ་རུ་ཕྱིན་ཏེ། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། སྤྱི་ཚོགས་འཛུགས་སྐྲུན་ཐད། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་འཕེལ་རྒྱས་བྱུང་སྟེ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་མུ་མཐུད་བརྩམས་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད། ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱས་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གལ་ཆེན་སྤོས་པས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད། མི་དམངས་དམག་དཔུང་སྤྱི་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་བསྐྱར་སྐྲུན་བྱུང་བ་དང་། ལམ་ཆས་བསྐྱར་སྒྲིག་གིས་སླར་ཡང་ལམ་དུ་ཆས་འགོ་བརྩམས་པས། རྒྱལ་སྲུང་སྟོབས་ཤུགས་དང་དཔལ་འབྱོར་སྟོབས་ཤུགས་མཉམ་དུ་ཆེ་རུ་ཕྱིན་པ་དང་། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་བསྒྲུབས་པ། ཞུམ་མེད་འཐབ་རྩོད་ཀྱི་སྙིང་སྟོབས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཏེ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཐད་ནས་བྱུང་བའི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་སྟེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཐད། ཏང་ཀྲུང་དབྱང་གིས་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་མཐའ་འཁྱོངས་དང་། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”བློ་རྩ་བརྟན་པོས་དོན་འཁྱོལ་བྱས་པ། ཤང་ཀང་གི་དུས་བབ་ཟང་ཟིང་ནས་བདེ་འཁོད་བར་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་ཤང་ཀང་དང་ཨའོ་མོན་སྐྱོང་བར་སྐུལ་འདེད་གཏོང་བ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་གཅིག་མཐུན་ངོས་འཛིན”རྒྱུན་འཁྱོངས་བྱེད་པ་དང་། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཡོད། ཕྱི་འབྲེལ་ལས་དོན་ཐད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་གསལ་པོ་ཞིག་ཏུ་གྱུར་པ་དང་། རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་དུ་རྣམ་པ་གསར་པ་བཏོད་པ་དང་། འཛམ་གླིང་ཟང་ཟིང་གི་དུས་བབ་ཁྲོད་ཉེན་ཁ་གོ་སྐབས་སུ་འགྱུར་བར་བྱས་པས། རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། བློ་སེམས་འགུགས་ཤུགས། གསར་བཟོ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཡོད་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་སྐོར་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་བ་དང་། ཀྲུང་གོའི་མི་དམངས་བརྙས་བཅོས་དང་། གཉའ་གནོན། བྲན་བཀོལ་བཅས་ཀྱི་ལས་དབང་ལས་རྦད་དེ་ཐར་ནས། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་པ་དང་། ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་བ་དང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འགྲོ་ལམ་ཡང་དག་བཏོད་པ་དང་། ཀྲུང་གོས་ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་འཕེལ་རིམ་ཡོངས་སུ་བསྐྱོད་ནས། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་བྱུང་བའི་ངོ་མཚར་ཆེན་པོ་གཉིས་བཏོད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་ཆེན་པོ་གསལ་སྟོན་བྱས་ཡོད་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་དེ་ཀྲུང་གོར་ཞིབ་དཔྱད་གང་ལེགས་ཐོབ་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ཀྲུང་གོར་ལག་བསྟར་གང་ལེགས་བྱས་པ། མར་ཁེ་སིའི་རིང་ལུགས་ཀྱི་སྒོ་དབྱེའི་རང་བཞིན་དང་དུས་རབས་རང་བཞིན་ཀྲུང་གོར་གང་ལེགས་མངོན་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་བདེ་བླག་ངང་བསྐྱོད་དེ་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་བསྐྲུན་པ་དང། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འབྱུང་ཁུངས་སུ་བྱས་པའི་སྙིང་སྟོབས་ཀྱི་རྒྱུད་རབས་ལག་ཆགས་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱུང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་ནི་ངོ་གནོང་མི་དགོས་པའི་རླབས་ཆེན་དང་། གཟི་བརྗིད། ཡང་དག་བཅས་ཀྱི་ཏང་ཞིག་ཡིན་པ་བཅས་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་ངོ་བརྒྱའི་རིང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་རླབས་པོ་ཆེ་བྱས་ནས། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་པ་དེ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས། རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས། རང་བཙན་རང་བདག་རྒྱུན་འཁྱོངས། ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས། བློ་རྒྱ་ཡངས་པོ་རྒྱུན་འཁྱོངས། གསར་འབྱེད་གསར་གཏོད་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོངས། འཐབ་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བཅས་ཡིན། གོང་གསལ་གྱི་རྒྱུན་འཁྱོངས་བཅུ་པོ་དེ་དག་ནི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་ནས་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་ཡིན་ལ། ཏང་དང་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་བསམ་པའི་རྒྱུ་ནོར་ཡང་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཐོག་མའི་བསམ་འདུན་མ་བརྗེད་ན་མི་འགྲུབ་བྱ་བ་ཅིང་ཡང་མེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་བསྒྲུབ་རྒྱུའི་སེམས་ཐག་བཅད་པ་དང་ལོ་ངོ་བརྒྱ་ནི་བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས་པའི་ལོ་ངོ་བརྒྱ་ཡིན། འདས་ཟིན་པའི་ལོ་ངོ་བརྒྱའི་རིང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་སླར་ཡང་སྐྱོད་བཞིན་ཡོད། ཏང་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་གང་ཞིག་ཡིན་པ་དང་གང་ཞིག་སྒྲུབ་མཁན་ཡིན་པའི་རྩ་བའི་གནད་དོན་ཡིད་ལ་བརྟན་པོར་བཅངས་ནས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ། ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་མེད་པ། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་ཉེན་ཁ་གང་ཞིག་ལའང་མི་སྐྲག་པ་དང་། འགལ་རྐྱེན་གང་གིས་ཀྱང་མགོ་མི་རྨོངས་པ། རྩ་བའི་རང་བཞིན་གྱི་གནད་དོན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་གཏན་ནས་མི་ཐོན་པ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་དད་སེམས་ལ་བརྟེན་ཏེ་གཏན་ལ་ཕབ་པའི་དམིགས་ཚད་མངོན་འགྱུར་གང་ཐུབ་བྱེད་པ། ལེ་དབར་བརྒྱ་ཡི་ཤུལ་ལམ་ལས་དགུ་བཅུ་བཅད་པ་ལམ་ཕྱེད་ཙམ་ཡིན་པའི་རིག་པ་དྭངས་གསལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ཏེ། གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཅས་བཏང་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། མཉམ་དུ་ཕྱུག་པོ་འགྱུར་བར་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་གཏོང་མཐའ་འཁྱོངས་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་མགྱོགས་སུ་མངོན་འགྱུར། མི་དམངས་འབྱོར་ཕྱུག་དང་། རྒྱལ་ཁབ་སྟོབས་ལྡན། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་རྒྱུན་ཆད་མེད་པར་བཏང་སྟེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱུན་ཆད་མེད་པར་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ན་ཡུན་རིང་གནས་ཐུབ་པ་དང་བདེ་ཆགས་རོལ་རྩེད་བྱས་ན་འཇིག་པའི་གནས་ལུགས་ཡིད་ལ་བརྟན་པོར་བཅངས་ནས་རྟག་ཏུ་ཕུགས་ཀྱི་བདེ་སྡུག་ལ་བསམ་པ་དང་བདེ་སྡོད་ཉེན་བསམ་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། མགོ་མི་བསྒུར་བ་དང་གཉའ་མི་ཆག་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤགས་ཀྱིས་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་2022ལོའི་ལོ་སྨད་ལ་པེ་ཅིང་དུ་སྐོང་ཚོགས་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་རང་རེའི་ཏང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླེབས་པའི་དུས་སྐབས་གལ་ཆེན་ལ་འཚོག་པའི་འཐུས་མི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་གསར་གཏོད་ཡར་བརྩོན་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་བྱས་རྗེས་གསར་པ་སྔར་བས་ཆེ་བ་འཇོག་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་བསུ་བ་ཞུ་དགོས།

    ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་དོན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཁ་སང་གི་དཀའ་སྡུག་དང་གཟི་བརྗིད་བརྗེད་མི་རུང་ལ། དེ་རིང་གི་འགན་འཁྲི་འཁུར་སེམས་ལ་ངོ་གནོང་མི་དགོས་པ། སང་ཉིན་གྱི་ཕུགས་འདུན་རླབས་པོ་ཆེ་ཆུད་ཟོས་སུ་མི་གཏོང་བ། ལོ་རྒྱུས་དཔྱད་གཞིར་འཛིན་པ། མ་འོངས་གསར་གཏོད་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་སྒྲུབ་པ། བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། འདས་ཟིན་པའི་ལོ་ངོ་བརྒྱའི་ནང་རྒྱལ་ཁ་དང་གཟི་འོད་རླབས་པོ་ཆེ་ཐོབ་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྒྱལ་ཁ་དང་གཟི་འོད་སྔར་ལས་རླབས་པོ་ཆེ་འཐོབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།