དབུ་ཤོག>ཆེད་སྒྲིག
  • དྲན་གསོ་ཁང་ནང་དཔའ་བོའི་ལོ་རྒྱུས་ཀྱིས་ཁེངས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-04

    1257222_yis_1635955200000_s.jpg

    འདི་ནི་མིག་དམར་ཚེ་རིང(གཡོན་གྱི་གསུམ་པ)གིས་མངའ་རིས་ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྒོ་ཕྱེ་བའི་མཛད་སྒོའི་ཐོག་ལྟ་སྐོར་བྱེད་མཁན་མང་ཚོགས་ལ་སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་འགྲེལ་བཤད་རྒྱག་བཞིན་པ།

    མིག་དམར་ཚེ་རིང་གི་ཡིག་ཚགས།

    མིག་དམར་ཚེ་རིང་། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་དེ་སྔའི་པུའུ་ཀྲང་གཞོན་པ།“ཞང་ཞུང་གི་དྲན་ཤེས”ཞེས་པའི་པར་རྒྱག་འཆད་ཁྲིད་ཁང་གི་གསར་གཏོད་པ། ཀྲུང་གོ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་པར་རྒྱག་བརྩམས་ཆོས་བདག་དབང་མཐུན་ཚོགས་མངའ་རིས་ཀྱི་དབུ་བཞུགས་འཐུས་མི། བོད་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མངའ་རིས་ས་ཁུལ་གྱི་ས་གནས་དོ་དམ་གྱི་རིགས་གཅིག་མཁས་ཅན་བཅས་རེད། སྔ་རྗེས་སུ《ངོ་མཚར་ཆེ་བའི་མངའ་རིས》སོགས་ཀྱི་པར་དེབ་6དཔེ་སྐྲུན་བྱས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་དང་ཀྲུང་གོ་དེང་གི་མཛེས་རྩལ་ཁང་དུ་ལོ་བཞི་བསྟུད་མར་མངའ་རིས་ཀྱི་ཡུལ་སྐོར་འོས་སྦྱོར་གྱི་མི་སྒེར་གྱི་པར་རིས་བརྩམས་ཆོས་འགྲེམས་སྟོན་གཉེར་བ་དང་། ཧྲན་ཤིས་ཕིང་ཡའོ་རྒྱལ་སྤྱིའི་པར་རྒྱག་གྲོང་དུ《མངའ་རིས་ཀྱི་དྲན་ཤེས》ཞེས་པའི་པར་རིས་བརྩམས་ཆོས་འགྲེམས་སྟོན་གཉེར་བ་རེད། རྒན་ཡོལ་ཞུས་རྗེས་མིག་དམར་ཚེ་རིང་གིས་སྔར་རྒྱུན་བཞིན་གཞི་རིམ་དུ་བསྐྱོད་དེ་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་སྔ་རྗེས་སུ་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་དང་། སྒར་རྫོང་གི་སློབ་གསོ་ལོ་རྒྱུས་འགྲེམས་སྟོན་ཁང་། མངའ་རིས་ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ཀྱི་ཇུས་འགོད་དང་འཛུགས་སྐྲུན་གྱི་ལས་དོན་གཙོ་སྐྱོང་བྱས།

    1972ལོར། ལོ་ན་གཞོན་པའི་མིག་དམར་ཚེ་རིང་ཕ་ཡུལ་སྤུ་ཧྲེང་རྫོང་གི་གྲོང་གསེབ་ནས་སེང་གེ་ཁ་འབབ་གྲོང་རྡལ་དུ་ཆགས་པའི་མངའ་རིས་ས་ཁུལ་སློབ་འབྲིང་འགྲིམ་པར་བསྐྱོད། སྐབས་དེ་དུས་ཀྱི་གུར་གྱི་སློབ་ཁང་ནང་སློབ་གྲྭས་སྔོན་སྐྱོད་ལེན་ཤོག་ལ་སྐད་སྒྱུར་བྱེད་མྱོང་བའི་བགྲེས་སོང་མགོན་པོ་སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་ཐེངས་གཉིས་ཤོད་པར་གདན་དྲངས། མིག་དམར་ཚེ་རིང་གིས་གཟབ་ནན་ངང་ཉན་པར་བརྟེན་སྔོན་སྐྱོད་ལེན་ཤོག་གིས་མངའ་རིས་ཞི་བས་བཅིངས་འགྲོལ་བཏང་བའི་བརྒྱུད་རིམ་ཞིབ་ཕྲ་སེམས་ལ་བརྟན་པོར་ངེས།

    “སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོང་ཚོའི་མཛད་རྗེས་སློབ་ཁང་དུ་གླེང་བ་ཙམ་མ་ཡིན་པར་མི་དེ་བས་མང་བས་ཤེས་དགོས་ཀྱི་འདུག་སྙམ་བྱུང”ཞེས་མིག་དམར་ཚེ་རིང་གིས་བཤད་པ་དང་། ཁོང་གིས“སྐབས་དེ་དུས་རང་ཉིད་ནར་སོན་རྗེས་སྔོན་སྐྱོད་ལེན་ཤོག་གི་འབྲེལ་ཡོད་ལས་ཀ་བྱས་ནས་ཁོང་ཚོའི་དཔའ་བོའི་བྱས་རྗེས་དེ་བས་ལེགས་པའི་ངང་བརྒྱུད་བསྒྲགས་བྱེད་པའི་བསམ་བློ་འཁོར་མྱོང་ཡོད”ཅེས་བཤད།

    2013ལོར། མངའ་རིས་ས་ཁུལ་གྱིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་ཉམས་གསོ་དང་སྲུང་སྐྱོབ་ལས་དོན་སྤེལ་ནས། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྐྲུན་རྩིས་བྱས་པ་རེད། སྐབས་དེ་དུས་ལོ་ངོ་སྟོང་གི་ལོ་རྒྱུས་ཤེས་དཔལ་དང་གསར་བརྗེའི་རྗེས་ཤུལ་མང་པོ་ཡོད་པའི་མངའ་རིས་ས་ཁུལ་དུ་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་ཞིག་ཡོད་པ་ཕུད། ངོ་དྲག་པའི་དྲན་གསོ་ཁང་གཅིག་ཀྱང་མེད། དྲན་གསོ་ཁང་ཡག་པོ་ཞིག་ཇི་ལྟར་བསྐྲུན་པ་དང་སུས་སྐྲུན་འགན་འཁུར་རྒྱུ་དེ་ཚང་མར་འཕྲད་པའི་དཀའ་གནད་དུ་གྱུར།

    མིག་དམར་ཚེ་རིང་གི་ཕུགས་འདུན་འགྲུབ་པའི་གོ་སྐབས་གཞི་ནས་སླེབས་པ་རེད། སྐབས་དེ་དུས་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་ཀྲུའུ་རེན་ཡིན་པའི་ཁོང་སྐབས་དེ་དུས་ཀྱི་མངའ་རིས་ཀྱི་པར་རྒྱག་ཁྱབ་ཁོངས་ནང་སྐད་གྲགས་ཆེ་བ་དང་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཐད་ལའང་བྱས་རྗེས་ཆེན་པོ་བཞག་ཡོད། དེར་བརྟེན་ཁོང་གིས་རང་འགུལ་ངང་འགན་འཁྲི་དང་དུ་བླངས་ནས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་ཇུས་འགོད་དང་འཛུགས་སྐྲུན་གྱི་འགན་ཁུར།

    ཞིག་རོར་གྱུར་པའི་ཡན་ལག་ལས་དོན་ཨུ་ལྷན་གྱི་ཚོགས་ཁང་དང་དེ་བཞིན་འབྲེལ་ཡོད་རིག་དངོས་འཚོལ་བསྡུ་དང་ཉམས་གསོ་བྱ་ཆེད། མིག་དམར་ཚེ་རིང་དང་ལས་རོགས་ཚོས་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བརྒྱ་ལྷག་ཙམ་ལ་བཅར་འདྲི་ཞུས་པ་ལས་ཚོགས་ཁང་གི་པར་རྙིང་པ་དང་རིག་དངོས་བརྒྱ་ལྷག་ཙམ་རྙེད་པ་མ་ཟད། དེ་དག་དཔྱད་གཞིར་བཟུང་ནས་ཚོགས་ཁང་གི་དེ་སྔའི་རྣམ་པ་ཉམས་གསོ་བྱས་པ་རེད།

    མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་གིས་པར་རིས་དང་། དངོས་པོ། ཡིག་རིགས་བཅས་འབོར་ཆེན་ལ་བརྟེན་ནས་སྔོན་སྐྱོད་ལེན་ཤོག་བོད་དུ་སླེབས་ཚུན་གྱི་མངའ་རིས་ཀྱི་འོད་སྟོང་འཕྲོ་བའི་ལོ་ཟླ་ཞིབ་ཚགས་ངང་འགྲེམས་སྟོན་བྱས་པ་རེད།

    ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་སྒོ་ཕྱེ་མ་ཐག་སྤྱི་ཚོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་དྲན་གསོ་ཁང་བརྒྱུད། གཞི་ནས་སྔོན་སྐྱོད་ལེན་ཤོག་དང་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལོ་རྒྱུས་ཤེས་རྟོགས་ཐུབ་ཡོད།

    2014ལོར། རྒན་ཡོལ་ཞུས་ཟིན་པའི་མིག་དམར་ཚེ་རིང་གིས་སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གདན་ཞུས་ལྟར་ཁུང་ཧྥན་སེན་ལ་དྲན་གསོ་ཞུ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་སྒར་རྫོང་གི་སློབ་གསོ་ལོ་རྒྱུས་ཁང་ཞིག་བསྐྲུན་ཡོད། ཁོང་གིས་ཐབས་ལམ་གསར་པ་སྤྱད་ནས་མངའ་རིས་སུ་དངོས་པོའི་ཐོག་ནས་ཁུང་ཧྥན་སེན་སྐུ་འཚོ་བཞུགས་སྐབས་ཀྱི་གཞུང་ལས་ཁང་སླར་གསོ་ཐེངས་དང་པོ་བྱས་པས། ལྟ་སྐོར་བ་ཚོས་ཀུན་གྱིས་དགའ་མགུ་ཡི་རང་ཞུ་བའི་ཧྲུའུ་ཅི་བཟང་པོར་ཤེས་རྟོགས་དང་རྒྱུས་མངའ་གཏིང་ཟབ་ཐུབ་ཡོད།

    དེ་རྗེས་ཀྱི་ལོ་འགའི་ནང་མིག་དམར་ཚེ་རིང་གིས་དགེ་རྒྱས་རྫོང་སྣ་ཕུག་གྲོང་ལྷན་དང་ཚྭ་མཚོ་ཤང་ལ“མངའ་རིས་ཀྱི་སྙིང་སྟོབས”དང“ཚྭ་ལུག་གནའ་ལམ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ”ཞེས་པའི་འགྲེམས་སྟོན་ཁང་གཉིས་བསྐྲུན་པར་ཐོབ་ཆ་དངུལ་སྐར་མ་གཅིག་ཀྱང་བླངས་མེད།

    རྒན་ཡོལ་ཞུས་རྗེས་ད་དུང་ལས་བྲེལ་ཆེན་པོ་དེ་འདྲ་ཡོད་དོན་སྐོར་གླེང་སྐབས། “ང་ནི་སྡོད་ཚུགས་མེད་པའི་མི་ཞིག་ཡིན། ངས་རང་ཉིད་ཀྱིས་ཚེ་གང་སྦྱངས་པའི་ཤེས་བྱར་བརྟེན་ནས་ཕུགས་འདུན་ཡོད་པའི་མིར་རོགས་རམ་བྱས་ཏེ་མངའ་རིས་ཀྱི་ལོ་རྒྱུས་དང་རིག་གནས་བརྒྱུད་སྤེལ་གྱི་འདུན་པ་འཆང་བཞིན་ཡོད”ཅེས་མིག་དམར་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་བཤད།

    2019ལོར། མངའ་རིས་ས་ཁུལ་གྱི་ས་གནས་དོ་དམ་གྱི་རིགས་གཅིག་མཁས་ཅན་དུ་བསྐོ་བཞག་བྱས་ཟིན་པའི་མིག་དམར་ཚེ་རིང་གིས་མངའ་རིས་ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཇུས་འགོད་དང་འཛུགས་སྐྲུན་ལས་དོན་གྱི་འགན་ཁུར་ཡོད། ད་རེས་ཁོང་དང་ལས་རོགས་ཀྱིས་རྟེན་གཞིའི་སྒོ་རའི་ནང་ནས་སྔ་རྗེས་སུ་ད་བར་ལོ་ངོ་དྲུག་སྟོང་སོང་བའི་རྡོ་ཆས་ཀྱི་རྗེས་ཤུལ་དང་། གནའ་བོའི་ཞང་ཞུང་གི་བྲག་བརྐོས་རི་མོ། ཐུ་བྷོད་ཀྱི་རྫ་ལེབ་བཅས་འཚོལ་རྙེད་ཐུབ་པ་དང་། འགྲེམས་སྟོན་བྱས་པའི་རིག་དངོས་1053གྱིས་མངའ་རིས་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་གྱི་གྲངས་འབོར་ཨང་དང་པོ་དང་། གསར་བརྗེའི་རིག་གནས་དང་གནའ་བོའི་ཞང་ཞུང་གི་རིག་གནས་འགྲེམས་སྟོན་ཨང་དང་པོ། གསར་བརྗེའི་འགྲིམ་འགྲུལ་ཡོ་བྱད་ཆེ་གྲས་འགྲེམས་སྟོན་ཨང་དང་པོ་བཅས་ཀྱི“ཨང་དང་པོ་གསུམ”གྱི་ཟིན་ཐོ་བཏོད་པ་རེད།

    དེའི་ནང་སྔོན་སྐྱོད་ལེན་ཤོག་དང་འབྲེལ་བ་ཡོད་པའི་རིག་དངོས་32ཡོད་པ་རྣམས་ལ་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གསལ་འབྱེད་བྱས་ཤིང་དེ་དག་ཁྲོད་ནས་ཀུན་གྱིས་དོ་སྣང་ཆེ་ཤོས་བྱེད་པ་ནི་ལི་ཏི་སན་གྱིས་སྤྱོད་མྱོང་བའི་ཡིག་ཁུག་དེ་ཡིན་པ་རེད།

    འདི་ལོའི་ལོ་སྟོད་དུ་ལོ་60ལྷག་ཙམ་ལ་སླེབས་པའི་མིག་དམར་ཚེ་རིང་གིས་ཆེད་མངགས་ཁོམ་པ་བཙལ་ནས། རླངས་འཁོར་ལ་བསྡད་དེ་དེ་སྔ་སྔོན་སྐྱོད་ལེན་ཤོག་བསྐྱོད་མྱོང་བའི་སྒེར་རྩེ་རྫོང་ཤན་ཆེན་ཤང་ནས་ཐོན་པ་དང་། དགེ་རྒྱས་རྫོང་ཡག་ར་ཤང་བརྒྱུད་སྤུ་ཧྲེང་རྫོང་བར་ག་ཤང་བར་དཔུང་སྐྱོད་བྱས་པའི་ལམ་ཐིག་ཏུ་སླར་ཡང་བསྐྱོད་པ་རེད། “འདི་ནི་ངས་སྔ་ས་ནས་འགྲོ་འདོད་ཡོད་པའི་ལམ་བུ་ཞིག་རེད། ད་ཆ་གཞི་ནས་མངོན་འགྱུར་བྱུང་སོང”ཞེས་མིག་དམར་ཚེ་རིང་གིས་བཤད།

    དྲན་གསོ་ཁང་5བསྐྲུན་པ་དང་། ཚང་མ་སྔོན་སྐྱོད་ལེན་ཤོག་དང་འབྲེལ་བ་དམ་ཟབ་ཡོད། ལོ་རྒན་དྲུག་ཅུར་སླེབས་པའི་མིག་དམར་ཚེ་རིང་གིས་མུ་མཐུད་ཕུགས་འདུན་མངོན་འགྱུར་གྱི་ལམ་དུ་མདུན་སྐྱོད་བྱེད་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།