དབུ་ཤོག>ཆེད་སྒྲིག
  • སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི“པན་ཀྲང་རྒན་གྲས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཟླ་སྒྲོན་དང་། ལི་ཡིའུ་ཅུན། དབུན་ཁའེ། བློ་བཟང་བསྟན་འཛིན།   |     སྤེལ་དུས།  2021-11-03

    1252209_yis_1635868800000_s.jpg

    འདི་ནི་ཁྲུན་ཅེ(དཀྱིལ)དང་ཡུལ་དམག་གིས་མཐའ་མཚམས་སུ་ལས་འགན་སྒྲུབ་བཞིན་པ། 

    ཁྲུན་ཅེའི་ཡིག་ཚགས།

    ཁྲུན་ཅེ། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་དུ་སྐྱེས། 1998ལོའི་ལོ་འགོར་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་སྤུ་ཧྲེང་མཐའ་སྲུང་ལེན་ཤོག་ཏུ་དམག་དཔུང་ནང་ཞུགས། 2002ལོར། མཐའ་མཚམས་བཀག་སྡོམ་བྱ་སྤྱོད་ཁྲོད་གྲུབ་འབྲས་གཟེངས་སུ་ཐོབ་པས་བྱས་རྗེས་རིམ་པ་གསུམ་པ་བཞག་པ་མ་ཟད་ཕུལ་བྱུང་དམག་མིའི་གཟེངས་རྟགས་ཀྱང་ཐོབ། 2005ལོར། བརྟན་ལྷིང་སྲུང་སྐྱོང་གི་བཀོད་འདོམས་ལས་དོན་ནང་འགན་འཁྲི་ནན་ཏན་འཁུར་བ་དང་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ་བྱས་རྗེས་རིམ་པ་གསུམ་པ་བཞག་པ་དང་འབྲེལ་ཕུལ་བྱུང་དམག་མིའི་གཟེངས་རྟགས་ཐོབ། 2009ལོའི་ཟླ་11པར། ལས་སྒྱུར་བྱས་ནས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་མི་དམངས་སྲིད་གཞུང་གི་དྲག་ཆས་ཀན་ཧྲི་ཡི་ལས་འགན་ཁུར།

    སྤུ་ཧྲེང་གྲོང་རྡལ་གྱི་ཕྱི་ཕྱོགས་སུ་སྐྱོད་སའི་ལ་ཁ་ཞིག་ཏུ་ཉིན་མཚན་ལྟོས་མེད་དུ་ལྷགས་པ་ཆེན་པོ་ལྡང་བ་དང་། ལྷག་པར་དུ་ཉིན་མོར་ཉི་འོད་རབ་ཏུ་འཚེར་བས་མེ་ཕོར་ནང་ཚུད་པ་ལྟར་སྣང་།

    ཚ་གྲང་ཤིན་ཏུ་མི་སྙོམ་པའི་ཁོར་ཡུག་དེའི་འོག་གཟུགས་པོའི་རིང་ཚད་ལ་སྨི་གཅིག་དང་ལི་སྨི་བརྒྱད་ཅུ་ཡོད་ལ་ངོ་གདོང་ནག་པའི་ཕོ་གཞོན་ཞིག་གུར་གྱི་ཕྱི་རོལ་དུ་ཀྲོང་ངེར་ལངས་ནས་རང་གི་སྲུང་རྒྱུའི་ལམ་མདོར་མིག་ཅེར་ནས་འདུག

    ཁོང་གི་མིང་ལ་ཁྲུན་ཅེ་ཟེར་ཞིང་། ཁོང་ནི་སྤུ་ཧྲེང་གྲོང་རྡལ་གྱི་དྲག་ཆས་ཀན་ཧྲི་ཡིན།

    ཁྲུན་ཅེའི་སྐོར་གླེང་སྐབས་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་དུ་ཆ་རྒྱུས་མེད་མཁན་ཧ་ལམ་མེད། ལོ་18ལ་དམག་ལ་ཞུགས་པ་དང་། ལོ་30ལ་དྲག་ཆས་ཀན་ཧྲི་ཡི་ལས་འགན་འཁུར་བཞིན་པའི་ཁོང་གིས་རྟག་ཏུ་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་མ་ཟད། གྲོང་རྡལ་ཡོངས་ཀྱི་ཡུལ་དམག་མང་ཆེ་བར་སྦྱོང་བརྡར་བྱས་ནས་སྤུ་ཧྲེང་རྫོང་གི་མཐའ་སྲུང་སྲ་བརྟན་དང་རྒྱལ་ཁབ་བདེ་ཞིང་དམངས་རྣམས་བདེ་ལ་འགོད་ཆེད་ལང་ཚོ་སྐྱེས་སུ་ཕུལ་ཡོད། ཁོང་ནི་ས་གནས་དེ་གའི་མཐའ་སྲུང་ལས་བྱེད་པའི་མིག་དཔེ་རེད་ཅེས་བརྗོད་ཆོག

    1998ལོར་ལོ་18ལ་སླེབས་པའི་ཁྲུན་ཅེས་མེས་རྒྱལ་གྱི་འབོད་སྐུལ་དང་ལེན་ཞུས་ནས་དམག་ལ་ཞུགས་ཏེ་མཐའ་སྲུང་འཐབ་འཛིང་པ་ཞིག་ཏུ་གྱུར། དུས་ཐུང་ལོ་ཤས་རིང་མཐའ་མཚམས་ས་ཁུལ་གྱི་རི་ཀླུང་གང་སར་བསྐྱོད་དེ་ལ་ཁ་མ་ཟད་ཐ་ན་བྲག་རྡོ་རེ་རེ་ལའང་རྒྱུས་མངའ་ཆེན་པོ་ཡོད།

    “ང་ནི་སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་ཉན་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་ཚོར་དད་གུས་ཆེན་པོ་ཡོད། དམག་ནང་ཞུགས་རྒྱུ་ནི་ངའི་མི་ཚེའི་ཕུགས་བསམ་ཡིན”ཞེས་ཁྲུན་ཅེས་བཤད། ད་ཆ་ལོ་44ལ་སླེབས་པའི་ཁོང་གི་བྱེད་སྟངས་དེ་དག་ལས་སྔར་བཞིན་དམག་མིའི་གཟུགས་བརྙན་མངོན་བཞིན་འདུག

    ཧི་མ་ལ་ཡའི་དབུས་རྒྱུད་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་མཐའ་མཚམས་སུ་སྐོར་གཡེང་བྱེད་སྐབས། ཁྲུན་ཅེ་དང་འཐབ་གྲོགས་ཚོས་སྲོག་ཉེན་ལ་མ་འཛེམ་པར་མཐའ་མཚམས་བརྟན་སྲུང་བྱེད་བཞིན་ཡོད། ལམ་ཅུང་བདེ་སར་རྟ་བཞོན་པའམ་ཡང་ན་རྐང་ཐང་དུ་བསྐྱོད་ཆོག་མོད་འོན་ཀྱང་གཡང་གཟར་སར་གོག་བགྲོད་བྱ་རྒྱུ་ལས་ཐབས་གཞན་མེད།

    “སྐོར་གཡེང་ལམ་དུ་རྟ་གཡང་གཟར་ནས་ལྷུང་སྟེ་ཤི་བའི་གནས་ཚུལ་ཡང་ཡང་ཐོན་གྱི་འདུག གྲོག་རོང་དུ་ལྷུང་རྗེས་ཐ་ན་རྟ་རོ་ཡང་རྙེད་མི་ཐུབ། སྟབས་ལེགས་པ་ཞིག་ལ་འཐབ་འཛིང་པ་ཚོས་ཡིད་གཟབ་དང་ཕན་ཚུན་ལྟ་རྟོག་བྱེད་ཀྱི་ཡོད་པས་ད་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མྱོང་མེད”ཅེས་ཁྲུན་ཅེས་བཤད། ཁྲུན་ཅེས“དགུན་དུས་སྐོར་གཡེང་བྱེད་སྐབས་ཁ་བས་རི་རྒྱ་བསྡམས་ཀྱི་ཡོད་པས་ལས་སྒྲུབ་ས་ཚིགས་སུ་ཟླ་བ་ལྔ་དྲུག་ཙམ་སྡོད་དགོས་ཀྱི་ཡོད། སྐབས་དེ་དུས་གངས་འཁྱག་བཞུར་བའི་ཆུ་དང་སྟབས་བདེའི་ལམ་རྒྱགས་ལ་བརྟེན་ནས་བཀྲེས་སྐོམ་སེལ་ཐབས་བྱེད་པ་དང་། དགོང་མོ་གྲང་ངད་མི་བཟོད་པར་གཉིད་ཁུག་ཐབས་བྲལ་བས་ཚང་མས་ཡར་ལངས་ནས་སྡོད་བྱ་བྱེད་ཀྱི་ཡོད”ཅེས་སྔར་སོང་གི་ལོ་ཟླར་དྲན་གསོ་བྱེད་བཞིན་བཤད།

    “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི”སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་ནི་ཁྲུན་ཅེས་ཚེ་གང་སློབ་སྦྱོང་བྱེད་པའི་མིག་དཔེ་རེད། རྩྭ་མདའ་འབྲོག་ཁུལ་དུ་ལས་འགན་སྒྲུབ་སྐབས། ཆུ་རྐྱལ་མི་ཤེས་པའི་ཁོང་གིས་སྔོན་ལ་རྟ་བཞོན་ནས་ཆུ་བོ་སྒྲོལ་ཐབས་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་རྟ་ཕོ་གཙང་པོའི་ནང་གི་རྡོར་འདྲེད་བརྡར་ཤོར་ནས་མི་རྟ་གཉིས་ཀ་ཆུ་བོའི་ནང་ལྷུང་སྟེ་རྨས་སྐྱོན་ཆེན་པོ་ཕོག་ཡོད། ཁྲུན་ཅེས་ལུས་ལ་རྨ་ཁ་ཡོད་ཀྱང་སྔར་བཞིན་ལས་འགན་ལེགས་སྒྲུབ་བྱས་པས་རྨ་ཁ་ཇེ་སྡུག་ཏུ་སོང་ནས་ནད་རོ་ལུས་ཡོད།

    མི་དམངས་ཀྱི་བུ་ཕྲུག་དམག་ཞིག་ཡིན་པའི་ངོས་ནས་ཁྲུན་ཅེས་ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་མེས་རྒྱལ་གྱི་རྒྱལ་སྲུང་བྱ་གཞག་ལ་ལེགས་སྐྱེས་ཕུལ་ནས་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཞག་མྱོང་ཡོད། ལས་སྒྱུར་བྱས་རྗེས་ཁོང་གིས་སླར་ཡང་སྤུ་ཧྲེང་གྲོང་རྡལ་དུ་དྲག་ཆས་ཀན་ཧྲི་བྱས་ཏེ་མཐའ་མཚམས་བརྟན་སྲུང་དང་མཐའ་བརྟན་གྱི་འགན་འཁྲི་མུ་མཐུད་ཁུར།

    བགྲང་བྱ་12རིང་། ཁོང་གིས་དཔུང་སྡེའི་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་བཟང་པོ་རྣམས་ཡུལ་དམག་གི་སྦྱོང་བརྡར་ནང་དར་སྤེལ་བཏང་ནས་སྤུ་ཧྲེང་གྲོང་རྡལ་ལ་བྱང་ཚད་མཐོ་བ་དང་བློས་འགེལ་ཆོག་པའི་ཡུལ་དམག་གི་དཔུང་ཁག་མང་པོ་བསྐྱངས་པ་དང་། སྔ་ཕྱིར་དམག་སྦྱོང་བྱས་པའི་ཡུལ་དམག་བསྡོམས་400ཙམ་ཟིན་གྱི་ཡོད། ཁྲུན་ཅེས་ཡུན་རིང་ཡུལ་དམག་ཚོ་དང་མཉམ་དུ་མཐའ་མཚམས་སྐོར་གཡེང་གི་ལས་འགན་བསྒྲུབས་པ་དང་ས་བབ་མཐོ་བའི་ལ་ཁར་བཅའ་སྲུང་བྱས་ནས་སྡོད་ཀྱི་ཡོད་པས། ཀུན་གྱིས་ཁས་ལེན་དང་བརྩི་འཇོག་མཐའ་གཅིག་ཏུ་ཐོབ་ནས་ཚང་མས་ཁོང་ལ་སྙིང་ཉེ་བའི་སྒོ་ནས“པན་ཀྲང་རྒན་གྲས”ཞེས་འབོད་ཀྱི་ཡོད།

    ཁྲུན་ཅེས། ལ་ཁར་ལོ་གཅིག་དུས་བཞིར་ལྷགས་པ་ཆེན་པོ་ལྡང་བ་དང་། དགུན་དུས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཙམ་ཟིན་གྱི་ཡོད། དེ་གར་གངས་གསོག་སྨི་ཁ་ཤས་ཐེབས་པ་མ་ཟད། ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཡང་མེད་པས་ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་ཀྱི་མེད། ཚང་མས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ལ་བརྟེན་ནས་ལོ་གཅིག་ཞག་མ་སུམ་བརྒྱ་དྲུག་ཅུ་རེ་ལྔར་ལས་རེས་བྱེད་ཀྱི་ཡོད་ཅེས་བརྗོད།

    2013ལོ་དང་2014ལོར། ཁྲུན་ཅེས་ལོ་གཉིས་བསྟུད་མར་ལ་ཁར་ལས་འགན་སྒྲུབ་སྐབས་ནད་ཀྱིས་མནར་ནས་དབུགས་ཧལ་བ་དང་དྲན་པ་ཡང་སེ་ཐོར་བས། ཡུལ་དམག་གིས་རི་གཤམ་དུ་བསྐྱལ་ཡང་ཁོང་གིས་སླར་ཡང་ལ་ཁར་ལོག་ནས་མུ་མཐུད་ལས་འགན་ལེགས་སྒྲུབ་བྱས། ཐེངས་གཉིས་པར་ཁོང་སྨན་ཁང་དུ་སྨན་བཅོས་བྱས་ནས་ཟླ་བ་གཉིས་སོང་རྗེས་གཞི་ནས་དྲག་སྐྱེད་ཕྲན་བུ་བྱུང་བ་རེད། སྨན་པས་ས་བབ་མཐོ་བའི་ས་ཆར་འགྲོ་མི་ཆོག ད་དུང་བསྐྱོད་ན་སྲོག་ལ་ཉེན་ཁ་ཡོད་ཅེས་མངག་བྱ་ཡང་ཡང་བྱས་ཡོད།

    སྟབས་ལེགས་པ་ཞིག་ལ་ཁྲུན་ཅེའི་གཟུགས་པོའི་རྨང་གཞི་ཡག་པོ་ཡོད་པས། དཀའ་ཚེགས་ཆེ་ཤོས་ཀྱི་དུས་ཚོད་འཁྱོལ་ཙམ་བྱུང་ཡོད། རྩ་འཛུགས་ཀྱིས་ཀྱང་བསམ་གཞིག་བྱས་ནས་ཁོང་ལ་ཁར་ལས་འགན་སྒྲུབ་པར་མངགས་མེད། འོན་ཀྱང་ལོ་ལྟར་ཁོང་གིས་སྔར་བཞིན་ལ་ཁ་ཁག་ཏུ་ཞིབ་བཤེར་ཐེངས་བཅུ་གྲངས་བྱེད་པར་འགྲོ་གི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།