དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་སེམས་སུ་བརྟན་པོར་བཅངས། ལས་འགན་ལྕི་པོ་མ་བརྗེད་ཕྲག་ཏུ་འཁུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-29

    གླེང་གཞི།

    རང་བྱུང་ཁམས་ཆེ་མོ་ནི་ཅི་འདྲའི་གཏོང་ཕོད་ཆེ་བ་ཞིག་རེད་ཨང་། ཇོ་མོ་གླང་མའི་གངས་རིའི་ངོ་མཚར་མཛེས་ལྗོངས་ལོ་ན་ཕྲ་བའི་གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་པ་ཁག་གཅིག་གི་མིག་ལམ་དུ་ཇི་མ་ཇི་བཞིན་དུ་མངོན་པར་བྱས།

    ཇོ་མོ་གླང་མར་སྐྱོད་དགོས་ན་ངེས་པར་དུ་བཀྲ་ཤིས་འཛོམས་ཤང་བརྒྱུད་དགོས། དེ་གར་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་བར་ཐག་རིང་ཡང་འཛམ་གླིང་གི་ཡང་རྩེ་དང་ཤིན་ཏུ་བར་ཐག་ཉེ། དེ་གར་རླངས་འཁོར་དང་མི་ཚོགས་ཀྱི་སྐད་སྒྲ་དེ་ཙམ་ཐོས་རྒྱུ་མེད་ཀྱང་ཉིན་མཚན་ཀུན་ཏུ་སྐད་གྲགས་མེད་པར་མཐའ་མཚམས་བརྟན་པོར་སྲུང་མཁན་བགྲང་ལས་འདས།

    བསྟན་འཛིན་སྐལ་བཟང་།

    དཀའ་སྤྱད་ལས་སྒྲུབ་ཀྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ།

    བཀྲ་ཤིས་འཛོམས་ཤང་ནི་ནེ་པ་ལ་དང་ས་མཚམས་སྦྲེལ་བའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་ཤང་ཞིག་ཡིན་ཞིང་། ས་ཁོད་སྙོམས་ཤིང་ཇོ་རིའི་སྒར་ས་ཆེ་མོ་ལས་ས་བབ་དམའ་ཙམ་ཡོད་པར་བརྟེན། “ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”ཞེས་འབོད་ཀྱི་ཡོད། བཀྲ་ཤིས་འཛོམས་ཤང་མཐའ་མཚམས་མངགས་གཏོང་ཁང་1996ལོར་དངོས་སུ་བཙུགས་པ་དང་། འདི་ནི་བོད་ཀྱི་གཞིས་རྩེའི་མཐའ་མཚམས་ཀྱི་ལས་སྒྲུབ་ལས་འགན་ལྕི་ཤོས་ཚན་པའི་གྲས་ཤིག་རེད། བསྟན་འཛིན་སྐལ་བཟང་ནི་བཀྲ་ཤིས་འཛོམས་ཤང་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡིན་ཞིང་། ཁོང་དང་འཕྲད་པའི་ཉིན་དེར་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ“འཛམ་གླིང་ཡང་རྩེར་འཛེགས་མཁན་གྱི་གླེང་སྟེགས”ཀྱི་བདེ་སྲུང་ལས་དོན་སྒྲུབ་བཞིན་འདུག

    ཁོང་གི་ཕ་ཡུལ་སི་ཁྲོན་ནས་ཡིན་ཞིང་། 2004ལོར་དམག་དཔུང་ལ་ཞུགས་ནས་སྔ་རྗེས་སུ་ལི་ཤིན་མཐའ་མཚམས་མངགས་གཏོང་ཁང་དང་། འགྲམ་མཐའ་མཚམས་མངགས་གཏོང་ཁང་། ཅི་ཅའོ་ཆའོ་མཐའ་མཚམས་ཞིབ་བཤེར་ས་ཚིགས། སྐྱིད་གྲོང་མཐའ་མཚམས་མངགས་གཏོང་ཁང་། ཧོར་པ་མཐའ་མཚམས་མངགས་གཏོང་ཁང་བཅས་སུ་ལས་འགན་སྒྲུབ་མྱོང་བ་དང་། 2020ལོའི་ལོ་སྟོད་དུ་བཀྲ་ཤིས་འཛོམས་ཤང་མཐའ་མཚམས་མངགས་གཏོང་ཁང་དུ་སུའོ་ཀྲང་གི་འགན་དངོས་སུ་འཁུར།

    བཀྲ་ཤིས་འཛོམས་ཤང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་30ཡོད་པ་དང་། གཞིས་རྩེའི་མི་འབོར་མང་ཤོས་ཀྱི་མཐའ་མཚམས་ཤང་ཞིག་རེད། བསྟན་འཛིན་སྐལ་བཟང་གིས་ཁོམ་པ་ཡོད་རིམ་བཞིན་ཁོངས་གཏོགས་ཁུལ་དུ་བཅར་འདྲིར་བསྐྱོད་དེ་སྐད་བརྡ་འཕྲོད་པའི་ལེགས་ཆར་བརྟེན་ནས་ས་གནས་དེ་གའི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་ཀྱི་ཡོད་པས། ས་གནས་དེ་གའི་མི་སེར་མང་ཆེ་བས་ཁོང་ངོ་ཤེས་ཀྱི་ཡོད། བཀྲ་ཤིས་འཛོམས་ཤང་མཐའ་མཚམས་མངགས་གཏོང་ཁང་དུ་སླེབས་ནས་ལོ་གཅིག་ལྷག་ཙམ་རིང་། ཁོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་10ལྷག་ཙམ་ལ་སྔ་རྗེས་སུ་རོགས་སྐྱོར་བྱས་ནས་ཁོང་ཚོར་བྱ་བ་བཟང་པོ་དང་བྱ་བ་དངོས་150ལྷག་ཙམ་བསྒྲུབས་ཡོད།

    ལས་འགན་གྱི་མདུན་དུ་བསྟན་འཛིན་སྐལ་བཟང་ཧ་ཅང་བློ་རྩ་བརྟན་པོ་ཡོད་ཅིང་། ཁོང་གིས། འབད་བརྩོན་ལྷོད་མེད་ཀྱིས་ལས་དོན་ནན་ཏན་བསྒྲུབས་ཚེ། གཞི་ནས་ལང་ཚོ་ཆུད་ཟོས་སུ་འགྲོ་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    1223430_yis_1635436800000_s.jpg

     འདི་ནི་བསྟན་འཛིན་སྐལ་བཟང་གིས་དགེ་འདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསར་འགྱུར་སྟོན་བཞིན་པ།

    ཏའོ་ཏེ་ཡུང་།

    བགྲང་བྱ་16རིང་མཐའ་མཚམས་བརྟན་སྲུང་བྱས་པ།

    ལོ་ན་17ལ་དམག་དཔུང་ལ་ཞུགས་པའི་ཏའོ་ཏེ་ཡུང་གིས་དེ་གར་བགྲང་བྱ་16རིང་མཐའ་མཚམས་བརྟན་སྲུང་བྱས་ཤིང་། ཁོང་གི་དྲན་གསལ་ལ་དང་ཐོག་བཀྲ་ཤིས་འཛོམས་ཤང་དུ་སླེབས་སྐབས་གཞུང་ལམ་མང་ཆེ་བ་ནི་ས་རྡོའི་ལམ་ཡིན་པ་དང་། གཡང་གཟར་གྱི་ལམ་འགྲམ་དུ་ར་སྐྱོར་མེད་པའི་ཁར། ཆུ་དང་གློག་རྟག་ཏུ་ཆད་པ་སོགས་ཀྱི་གནས་ཚུལ་འདི་རིགས་ལས་ཁོང་ལ་རང་ཁྱིམ་དུ་ལོག་འདོད་ཆེན་པོ་ཡོང་གི་ཡོད། འོན་ཀྱང་མཐའ་སྲུང་གི་ཕུགས་འདུན་དང་། འགན་འཁྲིའི་བསམ་པ། གཟི་བརྗིད་ཀྱི་བསམ་པ་བཅས་ལས་ཁོང་གིས་སྔར་རྒྱུན་བཞིན་བློ་ཐག་ཆོད་པོས་ལོ་16རིང་མཐའ་མཚམས་བརྟན་པོར་བསྲུངས།

    ལོ་16རིང་ཁོང་གིས་བཀྲ་ཤིས་འཛོམས་ཤང་གི་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱུང་བ་སྟེ། སྣུམ་ནག་ལམ་གྲོང་ཚོ་ཀུན་ལ་ཤར་གཏོང་ཐུབ་པ་དང་། གནའ་ཉམས་དོད་པའི་ཁྲོམ་གཞུང་སླར་གསོ་རགས་ཙམ་བྱུང་བ། མ་དངུལ་སྒོར་དུང་ཕྱུར་ཙམ་བཏང་བའི་གསོལ་མགྲོན་ཁང་ཉེ་འགྲམ་དུ་ཡོད་པ། མགྲོན་ཁང་དང་ཟ་ཁང་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་ལྟར་གང་སར་མཐོང་རྒྱུ་ཡོད་པ་ལ་སོགས་དང་། མངགས་གཏོང་ཁང་གི་ཁང་པ་ཡང་དེ་སྔའི་ཐོག་གཅིག་མ་ནས་ད་ཆའི་ཐོག་བརྩེགས་གསུམ་ཅན་དུ་གྱུར་ཡོད།

    བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་ཅུང་ཆེ་བའི་ཁར། ཇོ་རིའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་འགག་མདོར་གནས་པས། ལོ་ལྟར་ཕྱོགས་མི་མི་ཐེངས་ཁྲི་བཅུ་ལྷག་ཙམ་ཟིན་གྱི་ཡོད། དེས་ན་འགལ་ཟླ་དང་། རྩོད་གཞི། བདེ་འཇགས་བཅས་ཀྱི་གནད་དོན་སྣ་ཚོགས་ནི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དཀའ་གནད་དང་གླེང་མང་བའི་གནད་དོན་ཞིག་རེད།

    ཏའོ་ཏེ་ཡུང་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མི་དག་བདེ་འཇགས་ལས་དོན་གྱི་གཙོ་གནད་དུ་བརྩིས་ཤིང་། བཀྲ་ཤིས་འཛོམས་ཤང་དུ་ཡོང་མཁན་ཕྱོགས་མི་ཡིན་ཕྱིན། ཁོང་གིས་ཚང་མར“ཡོང་དུས་ཐོ་འགོད་པ་དང་འགྲོ་དུས་ཐོ་བསུབ་པའི”བྱ་ཐབས་སྤྱད་དེ་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་ནན་པོ་བྱེད་ཀྱི་ཡོད། ལོ་མང་རིང་། ཏའོ་ཏེ་ཡུང་གིས་བྲོས་བྱོལ་དུ་སོང་བའི་མི་སྣ་ཁ་ཤས་འཛིན་བཟུང་བྱས་པ་དང་། ས་གནས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་གྱོད་གཞི་མང་པོ་ཞིག་རྩད་ཆོད་པ། དེ་བཞིན་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་པས། མང་ཚོགས་ཀྱིས་ཁོང་ལ་ཁོངས་གཏོགས་ཁུལ་གྱི“དུས་བདེའི་རྣོ་གྲི”ཞེས་བརྗོད་ཀྱི་ཡོད།

    ལོ་16རིང་ཏའོ་ཏེ་ཡུང་གིས་བཀྲ་ཤིས་འཛོམས་ཤང་རང་ཉིད་ཀྱི་ཁྱིམ་ཚང་ལྟར་སྲུང་སྐྱོང་བྱས་ཤིང་། ཁོང་གི་ཉིན་གཅིག་ནི་ཧ་ཅང་སྟབས་བདེ་ཞིང་། འཚམས་འདྲི་དང་། སྐོར་ཞིབ། ཐོ་འགོད་བཅས་རེད། ཁོང་གི་ཉིན་གཅིག་ནི་ཧ་ཅང་བྲེལ་འཚུབ་ཆེ་ཞིང་། ལོ་མང་རིང་ཉིན་གཅིག་ལྟར་མང་ཚོགས་ཀྱི་དུས་བདེ་དང་ཁོངས་གཏོགས་ཀྱི་བརྟན་ལྷིང་ལ་དོ་སྣང་བྱས་ནས་མཛེས་སྡུག་ལྡན་པའི“ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”དེར་ལང་ཚོ་སྐྱེས་སུ་ཕུལ་ཡོད།

    1223428_yis_1635436800000_s.jpg

     འདི་ནི་མི་དམངས་ཉེན་རྟོག་པ་ཏའོ་ཏེ་ཡུང(གཡོན་གྱི་དང་པོ)གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་བཞིན་པ།

    ཀྲང་སུའེ་ཤིན།

    ནམ་ཡང་མང་ཚོགས་ཀྱི“སྙིང་ཉེ་བ”ཞིག་བྱེད་འདོད།

    ཀྲང་སུའེ་ཤིན་ནི་བཀྲ་ཤིས་འཛོམས་ཤང་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཡིན་ཞིང་། ཁོང་དང་འདྲ་བར་ཁོང་གི་བཟའ་ཟླ་ལིའུ་ཏུང་མའེ་ཡང་ཉེན་རྟོག་པ་ཞིག་རེད། མི་འདྲ་བ་ནི་ཁོང་གཉིས་ས་ཆ་མི་འདྲ་བར་མང་ཚོགས་མི་འདྲ་བའི་བདེ་འཇགས་སྲུང་བཞིན་ཡོད།

    ཀྲང་སུའེ་ཤིན་དང་ལིའུ་ཏུང་མའེ་བཟའ་ཚོ་གཉིས་དབར་ལ་བར་ཐག་སྤྱི་ལེ་2800ལྷག་ཙམ་ཆོད་ཡོད། ལོ་གཅིག་ཞག་མ་360ལྷག་ཙམ་རིང་ཁོང་གཉིས་ཐུག་འཕྲད་བྱེད་པའི་ཉིན་མོ་ཧ་ཅང་དཀོན་པོ་རེད། དུས་ཚོད་མང་ཆེ་བར་ཁོང་གཉིས་བཟའ་ཚོ་གཉིས་སྐད་འཕྲིན་དང་ཁ་པར་ནས་འབྲེལ་བ་བྱ་རྒྱུ་ལས་མ་འདས། “མལ་ལས་ལངས་སམ། ཞོགས་ཟས་ངེས་པར་དུ་ཟོ་ཨ” “ལས་འགོ་ཚུགས་སོང་། དེ་རིང་ལས་བྲེལ་ཧ་ཅང་ཆེན་པོ་འདུག” བྲེལ་བརྩོན་ཆེ་བའི་སྐབས་ཁོང་གཉིས་ཀྱི་རྒྱུན་གཏན་གྱི་ཅི་འཕྲོས་མོལ་འཕྲོས་ནི་མི་གཞན་གྱིས་བལྟས་ན་ཆོ་མེད་ཅིག་ཏུ་སྣང་། ཟ་མ་བཟས་རྗེས་ཀྱི་ངལ་གསོའི་དུས་ཚོད་ལ་གཞི་ནས་བརྙན་ལམ་བརྒྱུད་ཅི་འཕྲོས་མོལ་འཕྲོས་བྱེད་ཁོམ་ཕྲན་བུ་ཡོད།

    “ཨ་ཁུ་ཞའོ་ཀྲང་ལགས། ང་སྦྱོང་ཚན་འབྲི་བར་ཡོང་བ་ཡིན” གཟའ་སྤེན་པའི་ཞོགས་པ་སྔ་པོར། བཟའ་ཟླ་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྒང་གི་ཀྲང་སུའེ་ཤིན་གྱིས་ཡིང་ཁུལ་ཕྱིའི་པ་སངས་སྒྲོལ་མའི་སྐད་སྒྲ་ཐོས་པས། འཕྲལ་དུ་བཟའ་ཟླ་དང་ཁ་པར་གཏོང་མཚམས་བཞག་ནས་སྒྲོལ་མ་བསུ་བར་སོང་བ་དང་། ཁོ་མོ་མངགས་གཏོང་ཁང་གི“རང་སྦྱོང་ཁང”དུ་སྦྱོང་ཚན་ཟུར་ཁྲིད་བྱེད་པར་འཁྲིད།

    སྒྲོལ་མར་དེ་ཉིན་གྱི་སློབ་སྦྱོང་གསབ་ཁྲིད་བྱ་ཆེད། ཁོང་གིས་ཆུ་ཚོད་ཁ་ཤས་སྔ་སྣུར་གྱིས“སློབ་ཚན་གྲ་སྒྲིག”བྱེད་ཀྱི་ཡོད། ཀྲང་སུའེ་ཤིན་བྲེལ་བརྩོན་ཆེ་བའི་སྐབས་སུ་ལས་རོགས་ཚོས་སྒྲོལ་མར་ཟུར་ཁྲིད་བྱེད་རོགས་ཞེས་མངགས་ཀྱི་ཡོད།

    “མང་ཚོགས་ཀྱི་ལས་དོན་ནི་དོན་སྙིང་ལྡན་ཤོས་ཀྱི་བྱ་བ་ཞིག་རེད། ཁོང་ཚོར་དཀའ་ངལ་སེལ་རོགས་བྱེད་རིམ་བཞིན་སེམས་ནང་སྤོབས་པ་ཆེན་པོ་སྐྱེ་གི་འདུག རྒྱལ་ཁབ་ལ་ངོ་གནོང་མི་དགོས་པ་དང་ལང་ཚོ་ཆུད་ཟོས་མ་བཏང་བར་ང་ནམ་ཡང་མཐའ་མཚམས་མང་ཚོགས་ཀྱི‘སྙིང་ཉེ་བ’ཞིག་བྱེད་འདོད”ཅེས་དམངས་ལ་ཞབས་འདེགས་ཞུ་བའི་མྱོང་ཚོར་སྐོར་གླེང་སྐབས་ཀྲང་སུའེ་ཤིན་གྱིས་བརྗོད།

    གངས་རིའི་ཐོད་དུ་ནམ་མཁའ་སྔོ་ཞིང་གཡའ་དག་པ་དང་། བྲག་རིའི་ལྡེབས་སུ“ལྷག་བསམ”གྱི་ཡིག་འབྲུ་ལྷག་པར་གསལ།

    1223432_yis_1635436800000_s.jpg

    འདི་ནི་མི་དམངས་ཉེན་རྟོག་པ་ཀྲང་སུའེ་ཤིན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་མར་གྱོན་གོས་ཞལ་འདེབས་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།