དབུ་ཤོག>ཆེད་སྒྲིག
  • ཡོན་གོ་ཞང་གིས“གསར་བརྗེའི་ལོ་རྒྱུས་གཏན་ནས་བརྗེད་མི་རུང”ཞེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-27

    ཡོན་གོ་ཞང་གི་ཡིག་ཚགས།

    1932ལོར་ཀན་སུའུ་ཀྲང་ཡེ་རུ་སྐྱེས། 1949ལོའི་ཟླ་9པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས། སྔ་རྗེས་སུ་ཅུན་ཤོག་གཉིས་པའི་ཆབ་སྲིད་པུའི་པར་ལེན་པ་དང་། ཤིན་ཅང་ལྷོ་རྒྱུད་དམག་ཁུལ་ཁང་ཆབ་སྲིད་པུའི་ལས་འཛིན་པ་དང་། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།1978ལོར་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་ཆབ་སྲིད་པུའི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས། 1987ལོར་ཤིན་ཅང་ལྷོ་རྒྱུད་དམག་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་དམག་དཔོན་གཞོན་པའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པའི་འགན་བཞེས། 1988ལོར་ཧྲའོ་ཅང་དམག་དཔོན་གྱི་གོ་རྟགས་ཐོབ། 1993ལོར་རྒན་ཡོལ་ཞུས། ད་ལྟ་ཤིན་ཅང་གི་ཝུའུ་ལུའུ་མུའུ་ཆིར་གཞིས་ཆགས།

    1223426_yis_1635264000000_s.jpg

    འདི་ནི་དམག་དཔོན་ཡོན་གོ་ཞང་ཡིན་པ།

    ཆར་པ་སིམ་སིམ་བབས་པས་ཝུའུ་ལུའུ་མུའུ་ཆི་གཙང་ཞིང་བསིལ། “སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ལྷ་ས་ནས་ཝུའུ་ལུའུ་མུའུ་ཆིའི་ཁུ་སིམ་པའི་དཔུང་སྡེའི་ལས་བྱེད་པ་ངལ་གསོ་ཁང་ཞིག་ཏུ་ཆེད་མངགས་དམག་དཔོན་ཡོན་གོ་ཞང་ལ་འཚམས་འདྲིར་བཅར་བ་ཡིན།

    《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ཅེས་པའི་དེབ་ཀྱི་པར་རིས་ཤོག་ངོས་ཐོག་གོང་གསལ་གྱི་པར་རིས་ཚང་མ་ཡོན་གོ་ཞང་དང་། ཝང་ཀྲི་ཡུང་། ལི་ཅ་ཅུན། ཧྲེན་ཁའེ་ཡུན། ཏོའུ་ཡུས་མིན། ཙའུ་ཅི་ཡུས་སོགས་ཀྱིས་མཁོ་འདོན་བྱས་ཞེས་བཀོད་ཡོད། དེབ་འདིའི་ནང་ད་དུང་ཡོན་གོ་ཞང་གིས་གསལ་བཤད་བྱས་པའི་དམག་དཔོན་ཆེན་མོ་ཝང་ཀྲེན་གྱིས་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་སྐོར་བཀོད་ཡོད།

    ཁང་པའི་སྒོ་ཁར་སླེབས་མ་ཐག་ལོ་89ལ་སླེབས་པའི་དམག་དཔོན་ཡོན་གོ་ཞང་གིས་ང་ཚོ་དང་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་བྱུང་།

    དམག་དཔོན་ཡོན་ལགས་ཀྱི་དེབ་ཁང་དུ་འཛུལ་མ་ཐག་གྱང་ཟུར་དུ་བཞག་པའི་དེབ་སྒྲོམ་ཐོག་དཔེ་དེབ་སྣ་ཚོགས་དང་ཁོང་གི་པར་རྒྱག་བརྩམས་ཆོས་སྣ་ཚོགས་བཞག་ཡོད་པ་དང་། གྱང་ངོས་ཀྱི་མཐའ་སྐོར་དུ་ཡིག་གཟུགས་བརྩམས་ཆོས་འགའ་བཀལ་ཡོད་པ་ཕུད། མངོན་གསལ་དོད་ཤོས་སུ་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ས་བཀྲ་ཞིག་བཀལ་འདུག དེའི་ཐོག་ནས་དེབ་ཁང་གི་བདག་པོའི་སེམས་ནང་གི་བརྗེད་པར་དཀའ་བའི་གནས་ཚུལ་དེ་ཚོ་མཚོན་ཐུབ།

    “1949ལོའི་ཟླ་9པར་ངའི་ཕ་ཡུལ་ཀན་སུའུ་ཀྲང་ཡེར་བཅིངས་འགྲོལ་བཏང་བ་དང་། བཅིངས་འགྲོལ་བཏང་བའི་ཉིན་གསུམ་པར་ལོ་17ལས་སླེབས་མེད་པའི་ང་རང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས་པ་ཡིན”ཞེས་ཡོན་གོ་ཞང་གིས་བརྗོད།

    མི་དམངས་དམག་དཔུང་ནང་ཞུགས་པའི་ཉིན་དེ་ནས་བཟུང་། ཡོན་གོ་ཞང་གིས་ལག་ནང་གི་པར་ཆས་ལ་བརྟེན་ནས་བཅིངས་འགྲོལ་དམག་གིས་ཤིན་ཅང་ལ་དཔུང་སྐྱོད་བྱེད་པ་དང་། མངའ་རིས་བཅིངས་འགྲོལ་གཏོང་བ། དམག་སྡོད་ས་སློག་གིས་མཐའ་མཚམས་སྲུང་བ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཟིན་ཐོ་བཀོད་པ་རེད།

    1954ལོར་ཡོན་གོ་ཞང་གིས་རྔ་མོང་བཞོན་ནས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་ཟངས་སྡོང་ཏཱ་ལ་བརྒྱབ་སྟེ་གངས་འཁྱགས་ཀྱིས་བཀླུབས་པའི་ཁུ་ནུ་རི་བོ་བསྒྲོལ་ནས་མངའ་རིས་སུ་བསྐྱོད། དུས་ཡུན་ལོ་ཕྱེད་ཙམ་གྱི་བཅར་འདྲི་བྱེད་རིང་། ཁོང་གིས《དར་དམར་རི་བོ་ཧི་མ་ལ་ཡར་འཛུགས》དང་། 《བྱང་ལར་སྐོར་གཡེང》 《རུ་ཐོག་རྫོང་གི་སེར་སྐྱ་དཔོན་རིགས་ཀྱིས་བཅིངས་འགྲོལ་དམག་ལ་དགའ་བསུ་ཞུས》སོགས་མཐའ་སྲུང་དམག་མིས་དཀའ་ངལ་ལ་མི་སྐྲག་པ་དང་མངའ་རིས་ལ་རང་སྲོག་བློས་གཏོང་བྱེད་ལུགས་མཚོན་པ་དང་དམག་དམངས་ལག་གདང་སྦྲེལ་ནས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་སྲུང་སྐྱོང་བྱེད་པར་བསྟོད་གླུ་འབུལ་བའི་ཕུལ་བྱུང་བརྩམས་ཆོས་ཁག་གཅིག་པར་ལེན་བྱས་ཏེ། རྩ་ཆེའི་ལོ་རྒྱུས་དཔྱད་གཞི་དང་པར་རིས་མང་པོ་བཞག་གནང་ཡོད། བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་སློབ་སྟོན་པ་ལི་ཙི་ཞང་དང་ལེན་ཀྲང་གཞོན་པ་ཕེང་ཆིང་ཡུན་སོགས་ཀྱང་ཁོང་གི་པར་ལེན་བརྩམས་ཆོས་ནང་ཐོན་མྱོང་ཡོད།

    “རི་བོ་མཐོ་པོས་སྐོར་བ་དང་མཚེའུ་གང་སར་ཁྱབ་པའི་འཛམ་གླིང་ཡང་རྩེ་མངའ་རིས་ནི་རང་རེའི་རླབས་ཆེན་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་ཡུལ་ཁྱད་དུ་འཕགས་པ་ཞིག་རེད” ཡོན་གོ་ཞང་གིས་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གིས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མི་རྣམས་ཧང་སངས་དགོས་པའི་གསར་བརྗེའི་སྙིང་རུས་ལ་བརྟེན་ནས་གངས་འཁྱགས་ཀྱིས་བཀླུབས་པའི་ཁུ་ནུ་རི་བོ་བསྒྲོལ་ཏེ་བོད་བྱང་ཐང་དུ་རྒྱལ་ཁའི་ངང་དཔུང་སྐྱོད་བྱས་ནས་མེས་རྒྱལ་སྐམ་ས་ཆེ་མོའི་མཐའ་མའི་ས་གཞི་འདི་ཞི་བས་བཅིངས་འགྲོལ་བཏང་ཡོད་ཅེས་བརྗོད་པ་རེད།

    མེས་རྒྱལ་གྱིས་ང་ཚོ་བརྗེད་མེད་ལ་མི་དམངས་ཀྱིས་ཀྱང་ང་ཚོ་བརྗེད་མེད། ཉེ་བའི་ལོ་ཤས་རིང་། བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་གནམ་ས་འགུལ་བའི་མཛད་རྗེས་དེ《སྔོན་སྐྱོད་ལེན་ཤོག》དང《གངས་ལྗོངས་ཁུ་ནུ》སོགས་ཀྱི་རྩོམ་རིག་དང་བརྙན་འཕྲིན་བརྩམས་ཆོས་བརྒྱུད་དྲིལ་བསྒྲགས་བྱས་པར་བརྟེན་མི་དེ་བས་མང་བས་སྐབས་དེའི་ལོ་རྒྱུས་ཤེས་རྟོགས་ཐུབ་ཡོད།

    1968ལོར་ཡོན་གོ་ཞང་སླར་ཡང་མངའ་རིས་སུ་ཕེབས་ནས་མངའ་རིས་ཡན་ལག་དམག་ཁུལ་ཁང་བཙུགས་པའི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་མ་ཟད། མངའ་རིས་ས་ཁུལ་དང་ལྷག་པར་དུ་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་ཀྱང་གནང་བ་རེད། དེ་རྗེས་ཁོང་མངའ་རིས་སུ་སླར་ཡང་ཐེངས་མང་ཕེབས་ཡོད།

    1978ལོར་ཡོན་གོ་ཞང་བཀའ་ལྟར་མངའ་རིས་ཡན་ལག་དམག་ཁུལ་ཁང་དུ་ལས་སྒྱུར་བྱས། ལོ་10ཡི་རིང་ཁོང་གིས་སྔ་རྗེས་སུ་མངའ་རིས་ཡན་ལག་དམག་ཁུལ་ཁང་ཆབ་སྲིད་པུའི་ཀྲུའུ་རེན་དང་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།

    མངའ་རིས་སུ་ལས་ཀ་བྱེད་རིང་། ཁོང་གིས་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དྲིལ་བསྒྲགས་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད།

    1993ལོར་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ཀྱི་ཡོན་གོ་ཞང་དམག་སྒར་དང་། ལས་ཁུངས། སློབ་གྲྭ་ཆེ་མོ་དང་དེ་བཞིན་དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་སོགས་ལ་སྙན་ཞུ་ཐེངས་བརྒྱ་ལྷག་ཙམ་ཕུལ་མྱོང་ཡོད་ལ་ཤིན་ཅང་དང་ཀན་སུའུ་སོགས་སུ་གསར་བརྗེའི་ལོ་རྒྱུས་ཀྱི་པར་ལེན་བརྩམས་ཆོས་འགྲེམས་སྟོན་བྱས་པ་མ་ཟད། རང་ཉིད་ཀྱིས་གསར་རྩོམ་བྱས་པའི་དཔེ་དེབ་དང་པར་ལེན་བརྩམས་ཆོས་སོགས་རྩ་ཆེའི་དཔྱད་གཞིའི་ཡིག་རིགས་ཞལ་འདེབས་ཕུལ་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་མི་དམངས་དམག་དཔུང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ། རྗེས་རབས་པ་ཚོར་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་སྲོལ་རྒྱུན་འདོན་སྤེལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་བྱས་ཡོད།

    ཡོན་གོ་ཞང་ལ་སྔ་རྗེས་སུ་ལན་ཀྲོའུ་དམག་ཁུལ་ཁང་གི“སྔོན་ཐོན་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ”དང་ཤིན་ཅང་དམག་ཁུལ་ཁང་གི“ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྩེ་གྲ་བཅུའི”གཟེངས་བསྟོད་ཐོབ་པ་དང་། 2019ལོར་ཀྲུང་གུང་ཀྲུང་དབྱང་རྩ་འཛུཌ་པུའི“རྒྱལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་སྔོན་ཐོན་མི་སྒེར”གྱི་གཟེངས་བསྟོད་ཐོབ་པ་རེད།

    སྐབས་དེ་དུས་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གིས་མངའ་རིས་བཅིངས་འགྲོལ་བཏང་བའི་མཛད་རྗེས་ལ་སྐྱེ་བོ་ཀུན་གྱི་གུས་བཀུར་ཐོབ་ཡོད། ཀྲུའུ་ཞི་མའོ་ཙེ་ཏུང་གིས“འགྲན་ཟླ་བྲལ་བའི་དཔའ་བོ”ཞེས་བསྟུད་མར་ཐེངས་གསུམ་གསུངས་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་སྐབས་བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་དེ་རྗེས་རབས་པ་ཚོས་རྒྱུན་འཛིན་དང་དར་སྤེལ་ཟམ་མི་ཆད་པར་གཏོང་དགོས། མངའ་རིས་ཡན་ལག་དམག་ཁུལ་ཁང་དང་ཤིན་ཅང་ལྷོ་རྒྱུད་དམག་ཁུལ་ཁང་དུ“རྒྱལ་སྲུང་མཐའ་སྲུང་གི་དཔའ་བོའི་ཐོན་ཀྲང”ཆི་ཧྥ་པའོ་དང“རྒྱལ་སྲུང་མཐའ་སྲུང་གི་དཔའ་བོ”ཁྲེན་ཧུང་ཅུན་སོགས“དུས་རབས་གསར་པའི་རྒྱལ་སྲུང་མཐའ་སྲུང་དཔའ་བོའི་ཚོགས་སྤྱི”སོགས་རྒྱལ་སྲུང་མཐའ་སྲུང་གི་ཕུལ་བྱུང་དཔོན་དམག་ཁག་གཅིག་སྔ་རྗེས་སུ་ཐོན་ནས་གངས་ལྗོངས་ས་མཐོར་རྒྱལ་སྲུང་མཐའ་སྲུང་དང་རྒྱལ་ཁབ་ཆེད་ལེགས་སྐྱེས་ཕུལ་བའི་ལེའུ་གསར་པ་མུ་མཐུད་བརྩམས་ཡོད།

    “གསར་བརྗེའི་ལོ་རྒྱུས་གཏན་ནས་བརྗེད་མི་རུང” ཡོན་གོ་ཞང་གིས“ང་དེ་སྔ་པར་རྒྱག་མཁན་ཞིག་ཡིན། ངའི་འགན་འཁྲི་ནི་མཐའ་སྲུང་འཐབ་འཛིང་པའི་མཛད་རྗེས་རྡོ་རིང་འཛུགས་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་བྱས་རྗེས་དང་སྤྱོད་བཟང་ལ་བསྔགས་བརྗོད་བྱ་རྒྱུ་དེ་རེད”ཅེས་བརྗོད་པ་རེད།

    ཁ་གྱེས་ཁར་ཡོན་གོ་ཞང་གིས་ང་ཚོ་སྒོ་རྩ་བར་བསྐྱལ་བྱུང་། ང་ཚོ་བཅར་འདྲི་ཚོགས་པའི་རླངས་འཁོར་ཐོག་བོད་སྐྱོད་དཔའ་བོ་སྔོན་ཐོན་ལེན་ཤོག་གི་དཔུང་སྐྱོད་ལམ་ཐིག་དཔེ་རིས་བཀོད་པ་མཐོང་སྐབས་ཁོང་གིས་དེར་ཕུར་ཙམ་བྱེད་ཞོར་དུ་རྒྱུས་མངའ་ཡོད་པའི་ས་མིང་དག་བརྗོད་བཞིན་བརྗེད་པར་དཀའ་བའི་ལོ་ཟླར་སླར་ཡང་དྲན་གསོ་དང་བཅས་རང་ཉིད་ཀྱི་འཐབ་གྲོགས་རྙིང་པ་དང་སྐད་ཆ་ཤོད་རེས་བྱེད་པའི་ཚོར་སྣང་ཞིག་སྦྱིན། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།