དབུ་ཤོག>ཆེད་སྒྲིག
  • ཕ་མེས་ཀྱི་ཞབས་རྗེས་དེད་ནས་མདུན་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-24

    1198822_yis_1635004800000_s.jpg

    འདི་ནི་ཕེང་ཝུའེ་བཟའ་ཚོ་དང་ཨ་ཕ་ཕེང་ཆིང་ཡུན(དཀྱིལ)མཉམ་དུ་བརྒྱབ་པའི་འདྲ་པར་ཡིན་པ།

    1212171_yis_1635004800000_s.jpg

    རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ།

    ཕེང་ཝུའེ་ཡི་ཡིག་ཚགས།

    ཕེང་ཝུའེ། 1963ལོའི་ཟླ་དང་པོར་ཤིན་ཅང་ཧུའུ་ཐུའུ་པི་ཤིན་ཅང་དམག་ཁུལ་ཁང་གི་སྨན་ཁང་བཅུ་གསུམ་པར་སྐྱེས། 1970ལོར་ཨ་ཕ་དང་མཉམ་དུ་ཤིན་ཅང་ཁེ་ལ་མ་དབྱི་གྲོང་ཁྱེར་ཝུའུ་ཨེར་ཧོ་ཆུས་སུ་སློབ་ཆུང་དང་སློབ་འབྲིང་འགྲིམས། 1985ལོར་ཅང་ཧན་རྡོ་སྣུམ་སློབ་གྲྭ་ཆེན་མོའི་རྡོ་སྣུམ་ཁྲོན་འཇལ་ཆེད་ལས་ནས་སློབ་མཐར་ཕྱིན་ཏེ་ཤིན་ཅང་རྡོ་སྣུམ་དོ་དམ་ཅུས་ཁྲོན་འཇལ་ཀུང་སིར་ལས་བགོས་བརྒྱབ་ནས་ལས་རོགས་བཟོ་བཀོད་པའི་ལས་འགན་འཁུར། 1992ལོར་ཤིན་ཅང་རྡོ་སྣུམ་དོ་དམ་ཅུས་ཀྱི་ལས་ཁུངས་ཚན་རྩལ་ཁྲུའུ་རུ་བཟོ་བཀོད་པ་དང་མཐོ་རིམ་བཟོ་བཀོད་པའི་ལས་འགན་འཁུར། 1996ནས་1998ལོ་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་དུ་ཚོང་ལས་དཔལ་འབྱོར་ཆེད་ལས་སློབ་སྦྱོང་བྱས། 2001ལོར་པེ་ཅིང་དུ་བྱ་གཞག་གསར་གཏོད་བྱས་ནས་རྡོ་སྣུམ་ས་གཤིས་ཞབས་ཞུའི་ལས་ཀ་བྱས། ད་ཆ་ཤིན་ཅང་གི་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་གཞིས་ཆགས།

    ཕེང་ཝུའེ་ཡི་ཁྱིམ་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ལྟེ་བའི་གློག་སྐས་སྤྱི་ཤག་ཅིག་ཏུ་ཡོད། རྒྱ་ཆེ་ལ་དཀར་ཆ་དོད་པའི་ཚོམས་ཆེན་དཀྱིལ་དབུས་ཀྱི་མངོན་གསལ་དོད་ཤོས་ཀྱི་སར་ཨ་ཕ་ཕེང་ཆིང་ཡུན་སྐུ་འཚོ་བཞུགས་སྐབས་ཐོབ་པའི་གཟི་བརྗིད་གཟེངས་རྟགས་སྣ་ཚོགས་ཤེལ་སྒྲོམ་བཟོས་ནས་བཀལ་བ་དང་། འགྲམ་དུ་ཕེང་ཆིང་ཡུན་གྱི་ཕྱེད་པར་གྱི་བརྐོས་བརྙན་ཞིག་བཀལ་འདུག

    ཕེང་ཆིང་ཡུན་ནི་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་དཔའ་བོ་སྐད་གྲགས་ཅན་ཞིག་ཡིན་ཞིང་། མིང་འདོགས་ལ“སྟག་ཕྲུག”ཟེར། 1948ལོའི་ཁྲེང་ཧོ་གཡུལ་འགྱེད་ཀྱི་ཧུའུ་ཐི་རི་བོའི་དམག་འཁྲུག་ཁྲོད་དུ་ཁོང་དགྲ་བོའི་གཡུལ་སར་བསྐྱོད་དེ། དགྲ་བོའི་ལག་ནས་མེ་མདའ་སྦག་སྦག་འཕྲོག་ནས་དགྲ་བོའི་ཕྱོགས་སུ་བརྒྱབ་སྟེ། གདོང་མཆོང་བྱེད་མཁན་གྱི་འཐབ་གྲོགས་ཚོར་དམར་འཛིང་གི་ལམ་ཞིག་བཏོད། ཅུན་ཤོག་གཉིས་པས་ཁོང་དམག་ཡོངས་ཀྱི་དམིགས་བསལ་གྱི་འཐབ་འཛིང་དཔའ་བོར་བདམས།

    སྔོན་སྐྱོད་ལེན་ཤོག་གི་ལེན་ཀྲང་གཞོན་པ་ཡིན་པའི་ཕེང་ཆིང་ཡུན་གྱིས་མངའ་རིས་ཞི་བས་བཅིངས་འགྲོལ་གཏོང་བའི་རྒྱང་སྐྱོད་ལམ་བུར་མྱུལ་ཞིབ་དམག་མིའི་ལས་འགན་ཁུར་ནས་ཛ་དྲག་དང་དཀའ་ཉེན་ཆེ་བའི་ལས་འགན་སྣ་ཚོགས་ལེགས་སྒྲུབ་བྱས། སྔོན་སྐྱོད་ལེན་ཤོག་གི་གནས་ཚུལ་བཀོད་པའི་དཔེ་དེབ་སྣ་ཚོགས་ནང་ཁོང་གི་བྱས་རྗེས་མང་པོ་ཡོད། སྔོན་སྐྱོད་ལེན་ཤོག་མངའ་རིས་སུ་དཔུང་སྐྱོད་མ་བྱས་གོང་ཁོང་གིས་མྱུལ་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་དེ་ཉིན་7རིང་བོད་ལྗོངས་དང་ཤིན་ཅང་འབྲེལ་མཚམས་ཀྱི“མའེ་དབྱི་རི་བོར”བསྐྱོད་ནས་དམག་དཔུང་ལ་དཔུང་སྐྱོད་ཀྱི་ལམ་འཚོལ་ཞིབ་བྱས།

    “མངའ་རིས་ཞི་བས་བཅིངས་འགྲོལ་བཏང་རྗེས་ཨ་ཕས་དང་ཐོག་སྤུ་ཧྲེང་མཐའ་སྲུང་ལེན་ཤོག་ཏུ་ལེན་ཀྲང་གནང་བ་དང་། 1956ལོར་ཤིན་ཅང་ལྷོ་རྒྱུད་དམག་ཁུལ་ཁང་དུ་ལས་སྒྱུར་གནང་། ངའི་ཨ་ཕའི་ཚེ་སྟོད་ནི་མེ་སྒྱོགས་ཀྱི་དུ་ཞག་ཁྲོད་ནས་བསྐྱལ་གནང་བ་ཞིག་རེད”ཅེས་ཕེང་ཝུའེ་ཡིས་ངོ་སྤྲོད་བྱས།

    ཕེང་ཝུའེ་ཆུང་དུས་ནས་དམག་ཚུགས་སུ་འཚར་ལོངས་བྱུང་བ་ཞིག་ཡིན་པས་ལོ་ན་ཆུང་ཡང་རྟག་ཏུ་འཐབ་འཛིང་པ་ཚོ་དང་མཉམ་དུ་རྩལ་སྦྱོང་བྱེད་ཀྱི་ཡོད། ཕྱིས་སུ་དམག་མི་བྱས་མེད་ཀྱང་གཟུགས་པོའི་རིང་ཚད་སྨི་1.9ཡོད་པའི་ཕོ་རྒོད་དེའི་ལུས་ཐོག་ནས་སྔར་བཞིན་དམག་མིའི་ཉམས་འགྱུར་ལྷག་པར་མངོན།

    བྱིས་དུས་སུ་ཕེང་ཝུའེ་ཡིས་པཱ་ལགས་ནི་འཐབ་འཛིང་དཔའ་བོ་ཞིག་དང་མངའ་རིས་བཅིངས་འགྲོལ་གཏོང་མྱོང་ཡོད་པ་དང་། ཉེ་འགྲམ་གྱི་མིས་ཁོང་ལ་སེམས་གཏིང་ནས་དད་གུས་ཆེན་པོ་བྱེད་ཀྱི་ཡོད་པ་ལས་གཞན་གང་ཡང་ཤེས་ཀྱི་མེད། ནར་སོན་རྗེས་ཕེང་ཝུའེ་ཡིས་རིམ་བཞིན་ཕའི་བྱས་རྗེས་ལ་ཤེས་རྟོགས་དེ་བས་མང་བ་བྱུང་བ་མ་ཟད། མིག་འདྲིས་རྣར་འཇགས་ཁྲོད་ཁོང་ལ་ཨ་ཕའི་གཞུང་དྲང་དང་གཞན་ཕན་གྱི་གཤིས་རྒྱུད་བཟང་པོ་རིམ་གྱིས་འཇགས་ཡོད།

    ལས་དབང་ནི་འཇིག་རྟེན་འདིའི་སྟེང་ཆེས་ངོ་མཚར་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་རེད། ཕེང་ཝུའེ་དང་བཟའ་ཟླ་ལུའི་ཧྥང་ནི་ཤིན་ཅང་རྡོ་སྣུམ་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡིན་པ་དང་ཁོང་གཉིས་ལས་ཀའི་ཁྲོད་ཕན་ཚུན་འགྲིག་གཤིབ་བྱུང་། གཉེན་སྒྲིག་བྱས་རྗེས་ནང་མི་འཛོམས་འཛོམས་ཤིག་གི་ཐོག་ཁ་བརྡ་གློད་སྐབས་ལུའི་ཧྥང་གི་སྤོ་བོ་གཞོན་པ་ལུའི་ཡུང་ཧྲེང་ཡང་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཞིག་ཡིན་པ་དང་མངའ་རིས་སུ་སྐུ་གཤེགས་ཡོད། གྲོངས་དུས་ལོ་22ལས་སླེབས་མེད། ལོ་རབས་70པར་ནང་མིར་གཞི་ནས་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལག་ཁྱེར་རག་པའི་སྐོར་ཤེས།

    བཟའ་ཚོ་གཉིས་ཀ་སྔོན་སྐྱོད་ལེན་ཤོག་གི་མི་རབས་རྗེས་མ་ཡིན་པས་ཕེང་ཝུའེ་བཟའ་ཚོའི་དབར་ལས་འབྲེལ་གྱི་འབྲེལ་ཐག་ཅིག་མང་དུ་ཕྱིན་ཡོད། ཁོང་གཉིས་གསེར་བྱ་ངང་པ་པད་མཚོར་འཇུག་པ་བཞིན་གཅིག་སེམས་གཅིག་ཏུ་སྦྲེལ་ནས་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད། ཁོང་གཉིས་ཀྱི་བུ་ནར་སོན་རྗེས་ཕ་ཤུལ་བུས་བརྐྱངས་ནས་ཤིན་ཅང་རྡོ་སྣུམ་ཁོངས་གཏོགས་སུ་ལས་ཀ་བྱས། ཕ་ཡུལ་སི་ཁྲོན་ནས་ཡིན་པའི་ནང་མི་མི་རབས་གསུམ་གྱིས་ལང་ཚོ་དང་རྔུལ་ཆུ་མེས་རྒྱལ་གྱི་མཐའ་མཚམས་སུ་ལེགས་སྐྱེས་ཕུལ་ཡོད།

    ད་ཆ་ཕེང་ཝུའེ་ནི“སྔོན་སྐྱོད་ལེན་ཤོག་གི་མི་རབས་རྗེས་མའི་གྲོགས་ཚོགས”ཀྱི་སྒྲིག་འཛུགས་བྱེད་མཁན་དང་འབྲེལ་གཏུག་བྱེད་མཁན་ཡིན་པས་ཚང་མས་ཁོང་ལ་ཡིད་ཆེས་དང་བརྩི་འཇོག་ཆེན་པོ་བྱེད་ཀྱི་ཡོད། སྔོན་སྐྱོད་ལེན་ཤོག་དང་འབྲེལ་བ་ཡོད་པའི་བྱེད་སྒོ་ཚང་མ་ཁོང་གིས་སྣེ་འཁྲིད་དེ་སྤེལ་གྱི་ཡོད།

    2019ལོའི་ཟླ་9པར་མངའ་རིས་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པའི་གོ་སྐབས་དང་བསྟུན་ནས་ཕེང་ཝུའེ་བཟའ་ཚོས་ཕེང་ཆིང་ཡུན་དང་ལུའི་ཡུང་ཧྲེང་གཉིས་ཀྱིས་དེ་སྔ་འཐབ་འཛིང་བྱེད་མྱོང་བའི་མངའ་རིས་ས་མཐོར་བསྐྱོད། སྔོན་སྐྱོད་ལེན་ཤོག་སྡོད་ས་སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་དེ་སྔ་ཕ་མེས་ཚོ་སྡོད་མྱོང་བའི་ས་དོང་དང་ལས་རེས་བྱེད་མྱོང་བའི་གཡུལ་སར་ལྟ་སྐོར་བྱས། གསོམ་ཤིང་གིས་བསྐོར་བའི་སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ལོ་མང་འཚོལ་ཞིབ་བྱས་པའི་སྔོན་གཤེགས་དཔའ་བོ་ལུའི་ཡུང་ཧྲེང་གི་བང་སོའི་རྡོ་རིང་མདུན་དུ་མེ་ཏོག་སོས་པ་ཕུལ་ནས་དུར་མཆོད་བྱས།

    ཕེང་ཝུའེ་ཡིས“རྒན་ཡོལ་ཞུས་རྗེས་བུ་ལ་རླངས་འཁོར་གཏོང་དུ་བཅུག་ནས་ང་གཉིས་འཁྲིད་དེ་ཡང་བསྐྱར་མངའ་རིས་སུ་ཐེངས་གཅིག་ཡོང་གི་ཡིན། བུར་སྤོ་བོ་ལགས་ཀྱིས་འཐབ་འཛིང་བྱེད་མྱོང་བའི་ས་ཆར་ལྟ་རུ་འཇུག་པ་དང་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་དང་བྱས་རྗེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ཡིན”ཞེས་བཤད། 

    (གསར་འགོད་པ། དབུན་ཁའེ་དང་། ལི་ཡིའུ་ཅུན། བློ་བཟང་བསྟན་འཛིན། ཟླ་སྒྲོན།)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།