དབུ་ཤོག>ཆེད་སྒྲིག
  • “ཁང་པ་རྒྱག་ཐེངས་ལྔ”ལས་མཐའ་མཚམས་ཀྱི་འཕེལ་རྒྱས་གསར་པའི་དཔང་པོ་བྱེད་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-19

    1189363_yis_1634572800000_s.jpg

    འདི་ནི་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་ཟུར་ཞིག་ཡིན་པ།

    ཟླ་བཅུ་པར་དཔུང་སྡེ་སྤུ་ཧྲེང་དང་། རུ་ཐོག སྒར་ཐོག དགུན་ས་བཅས་ཀྱི་མཐའ་མཚམས་ཀྱི་འཐབ་ས་དང་པོར་བཅའ་སྡོད་བྱས་ཏེ་ས་ཚིགས་བཙུགས་ནས་མཐའ་སྲུང་གི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར། སྤྱི་མཐུན་རྒྱལ་ཁབ་ཀྱིས་མངའ་རིས་ཀྱི་མཐའ་མཚམས་སྲུང་རྒྱུ་དུས་དེ་ནས་འགོ་ཚུགས།

    —— 《ཧི་མ་ལ་ཡའི་མཛད་རྗེས་རྡོ་རིང》ལས་བཏུས།

    “སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་སྤེལ་གཏོང་ཚོགས་ཆུང་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོར་སླེབས་སྐབས། རབ་ཏུ་འཚེར་བའི་ཉི་འོད་འོག་གྲོང་ཚོའི“ཁང་པ་རྒྱག་ཐེངས་ལྔ་པ”སྟེ། འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པ་25ཡི་ཐོག་ཁ་སྔོ་ནག་དང་། གྱང་དཀར་པོ། མདའ་གཡབ་བཅས་ཚོན་མདོག་རྣམ་པར་བཀྲ།

    བདེ་མཆོག་གྲོང་ཚོའི“ཁང་པ་རྒྱག་ཐེངས་ལྔའི”གཏམ་རྒྱུད་དེ་སྐར་མ་ཚེ་རིང་ཟེར་བའི་བགྲེས་སོང་ཞིག་ནས་གླེང་དགོས། 1984ལོར་སྐར་མ་ཚེ་རིང་དང་ཁོང་གི་བཟའ་ཟླ་དང་དེ་བཞིན་དུད་ཚང་གཞན་4ཡིས་ས་རྒོད་བསློགས་ནས་མཐའ་མཚམས་སྲུང་བའི་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ཏེ་སྤྱི་ལེ་100ལྷག་ཙམ་གྱི་སར་གནས་པའི་སྒར་རྫོང་རྒྱ་སྨུག་གྲོང་ཚོ་ནས་བདེ་མཆོག་གྲོང་ཚོར་སྤོས། དེ་རྗེས་ཁོང་ཚོས་བདེ་མཆོག་གྲོང་ཚོར“རྒྱག་ཐེངས་དང་པོའི”རྡོ་རྩིག་གི་ཁང་པ་བརྒྱབ་ནས་གནས་དེར་གཞིས་ཆགས། ཡུན་རིང་མ་སོང་བར་གྲོང་མི་མང་པོ་ཞིག་མཐའ་མཚམས་ཀྱི་འཐབ་ས་དང་པོའི་དཀའ་ཚེགས་ཆེ་བའི་འཚོ་བ་བཟོད་མ་ཐུབ་པར་བསྐྱར་དུ་རྒྱ་སྨུག་གྲོང་ཚོར་ལོག མཐར་སྐར་མ་ཚེ་རིང་དང་གཅུང་མོ་བསོད་ནམས་ལྷ་མོ་གཉིས་ལས་ལྷག་མེད།

    དེ་རྗེས་ཀྱི་ལོ་ཤས་རིང་སྐར་མ་ཚེ་རིང་དང་གཅུང་མོའི་ཁྱིམ་མིས་གྲམ་རྡོས་ཁེངས་པའི་ས་རྒོད་བསློགས་ནས་ལོ་འཁོར་མོ་རླུང་འཚུབ་ལྡང་བའི་ཁྲོད་ཁང་པ་བརྒྱབ་ནས་མི་མེད་ལུང་སྟོང་གི་བདེ་མཆོག་གྲོང་ཚོར་དཔའ་ངར་ཆེན་པོས་གཏན་སྡོད་བྱས། 1990ལོར་སླར་ཡང་དུད་ཚང་བཅུ་ལྷག་ཙམ་དེ་གར་གནས་སྤོ་བྱས་པས། བདེ་མཆོག་གྲོང་ཚོར་གཞི་ནས་གྲོང་ཚོའི་རྣམ་པ་ཞིག་རིམ་གྱིས་མངོན།

    བདེ་མཆོག་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་རིང་ནི་1990ལོར་རྒྱ་སྨུག་གྲོང་ཚོ་ནས་བདེ་མཆོག་གྲོང་ཚོར་སྤོས་པའི་མང་ཚོགས་ཀྱི་གྲས་ཤིག་རེད།

    1990ལོར་བདེ་མཆོག་གྲོང་ཚོར་སྲིད་འཛིན་གྲོང་ཚོ་དངོས་སུ་བཙུགས། དེ་རྗེས་སྤྱི་ཚོགས་འཕོ་འགྱུར་འགྲོ་བ་དང་བསྟུན་ནས“རྒྱག་ཐེངས་གཉིས་པའི”ས་ཕག་ཁང་པ་གསར་དུ་བསྐྲུན་པ། སྐབས་དེ་དུས་ལོ་19ལ་སླེབས་པའི་བསོད་ནམས་ཚེ་རིང་ཕ་མ་དང་མཉམ་དུ“རྒྱག་ཐེངས་དང་པོའི”རྡོ་ཁང་གྲུ་བཞིའི་ནང་སྡོད་པ་དང་དུས་ཡུན་རིང་པོ་མ་སོང་བར་གསར་དུ་བསྐྲུན་པའི་ས་ཕག་གི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད།

    “ད་ལྟ་བསམ་ན‘རྒྱག་ཐེངས་གཉིས་པའི’ཁང་པ་རྒྱ་ཧ་ཅང་ཆུང་ལ་ཐབས་ཆག་ཡིན། འོན་ཀྱང་ཁང་པའི་བཟོ་ལྟ་མཐོང་རྒྱུ་ཡོད། ཁང་པ་གསར་པར་སྤོས་མ་ཐག་ནང་མི་ཚང་མ་ཧ་ཅང་དགའ་པོ་བྱུང་སོང”ཞེས་བསོད་ནམས་ཚེ་རིང་གིས་སྔར་སོང་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བཤད།

    2006ལོར་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་རྗེས་བསོད་ནམས་ཚེ་རིང་གི་ནང་མི་ཚང་མ“རྒྱག་ཐེངས་གསུམ་པའི”ཨར་འདམ་ལྕགས་རྩིབ་མའི་ཁང་པའི་ནང་སྤོས། དེ་དང་ཆབས་ཅིག་བསོད་ནམས་ཚེ་རིང་ཡང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཕྱིས་སུ་རང་གཤིས་བཟང་ལ་འཇོན་ཐང་ཆེ་བས་བསོད་ནམས་ཚེ་རིང་བདེ་མཆོག་གྲོང་ཚོའི་ཧྲུའུ་ཅི་དང་པོར་བདམས། ལོ་འདི་དག་རིང་བསོད་ནམས་ཚེ་རིང་གིས་གྲོང་ཚོའི་ལས་དོན་གཙོ་སྐྱོང་བྱེད་ཞོར་དུ་ཡུལ་དམག་ཁྲིད་དེ་མཐའ་མཚམས་སུ་སྐོར་གཡེང་བྱེད། ལས་འགན་མང་པོ་གཅིག་ལྕོགས་འཁུར་བས་ལས་བྲེལ་ཡང་ཧ་ཅང་ཆེན་པོ་ཡོད། 2010ལོར་ཁོང་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ།

    2012ལོའི་ཟླ་10པར་མ་དངུལ་བསྡོམས་སྒོར་ཁྲི་2200བཏང་བའི“རྒྱག་ཐེངས་བཞི་པའི”ཁང་པ་སྟེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་དེ་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་གཉིས་པར་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དང་དུད་ཚང་22ཀྱི་མང་ཚོགས་91རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། སྒྲིག་བཀོད་ཆ་ཚང་བ། ཆུ་དང་གློག་ཤར་གཏོང་ཐུབ་པ་བཅས་ཀྱི་ཁང་གསར་དུ་སྤོས།

    ཚོགས་ཆུང་གཉིས་པའི“རྒྱག་ཐེངས་བཞི་པའི”ཁང་པ་བརྒྱབ་པ་དང་སྤྲོ་ཁང་ལྟ་བུའི་ཁང་པའི་ཕྱི་དབྱིབས་དང་ཆུ་དང་གློག་ཤར་གཏོང་ཐུབ་པའི་དེང་རབས་ཅན་གྱི་འཚོ་བར“རྒྱག་ཐེངས་གསུམ་པའི”ཁང་པའི་ནང་སྡོད་མཁན་ཚོགས་ཆུང་དང་པོའི་མང་ཚོགས་ཚོས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ལོ་ཟླའི་འཕོ་འགྱུར་ལ་གོམས་འདྲིས་ཆེ་བའི་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་དགྲ་འདུལ་གྱིས་དེའི་ཐད་སེམས་ཁྲལ་བྱེད་ཀྱི་མེད། ཁོང་གིས་བུ་ཕྲུག་དང་ཉེ་འགྲམ་གྱི་མིར་རྒྱལ་ཁབ་ཀྱིས་ཚང་མ་བརྗེད་མི་སྲིད་ཅེས་ཤོད་ཀྱི་ཡོད།

    བསམ་ཐོག་ལ་རྟ་རྒྱུག་པ་ལྟར་2017ལོར་མ་དངུལ་བསྡོམས་སྒོར་ཁྲི་1900བཏང་བའི“རྒྱག་ཐེངས་ལྔ་པའི”ཁང་པ་སྟེ། བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས། ཚང་མའི་རེ་བ་ལྟར་2019ལོའི་ཟླ་9ཚེས་29ཉིན་བདེ་མཆོག་གྲོང་ཚོའི་ཚོགས་ཆུང་དང་པོས་ཁང་པ་གསར་པའི་ནང་སྤོ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་དུད་ཚང་25ཡི་མང་ཚོགས་79ཁང་པ་གསར་པར་སྤོས། ལོ་དེ་རང་གི་ཟླ་11པར་བདེ་མཆོག་གྲོང་ཚོ་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱི་གྲས་སུ་བདམས།

    དགྲ་འདུལ་དང་བུ་ཕྲུག་ལྔ་པོར་ཁང་པ་གསར་པ་6རག་པ་དང་ཁོང་གཅིག་པུར་སྨི་ངོས་གྲུ་60ཙམ་ཡོད་པའི་ཁང་པ་ཞིག་རག་པ་དང་། བུ་བཀྲ་ཤིས་དོན་གྲུབ་ལ་སྨི་ངོས་གྲུ་150ཡོད་པའི་ཁང་པ་ཞིག་རག སྐབས་དེ་དུས་པ་ཕས་ལག་ཏུ་ལྡེ་མིག་ཁྱེར་ནས་ཁང་པ་གསར་པར་སྤོ་སྐབས་བཀྲ་ཤིས་དོན་གྲུབ་ཚུད་པའི་ནང་མི་ཚང་མ་དགའ་བས་རབ་ཏུ་མྱོས།

    ད་ཆ་ལོ་40ལ་སླེབས་པའི་བཀྲ་ཤིས་དོན་གྲུབ་ཀྱིས་རྒྱུན་དུ་ཕྱུགས་འཚོ་བ་ཕུད། ད་དུང་མི་གཞན་དང་མཉམ་དུ་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་བའི་ཁར་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་གླ་ཆ་སྣ་ཚོགས་བསྡོམས་ན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་ཡོང་གི་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད།

    “རྒྱལ་ཁབ་ཀྱིས་ང་ཚོ་དུད་ཚང་20ལྷག་ཙམ་དང་མང་ཚོགས་བཅུ་ཕྲག་ཁ་ཤས་ལ་སྒོར་ཁྲི་སྟོང་མང་པོ་བཏང་ནས་ཁང་པ་ཡག་པོ་འདི་འདྲ་བརྒྱབ་གནང་ཡོད། བྱ་བཟང་འདི་ལྟ་བུ་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་ཁོ་ནར་མངོན་འགྱུར་ཡོང་སྲིད། བདེ་མཆོག་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པའི་ཆ་ནས་ངས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མུ་མཐུད་དཀའ་སྤྱད་འབད་འཐབ་ཀྱིས་དེ་བས་ལེགས་པའི་འཚོ་བ་བསྐྱལ་ཏེ་མེས་རྒྱལ་གྱི་ཆེད་མཐའ་མཚམས་ཡག་པོ་བསྲུངས་ནས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་གནང་བའི་དམིགས་བསལ་གྱི་ཐུགས་ཁུར་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན”ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།

    མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཆགས་པའི་འབྱོར་འབྲིང་གྲོང་ཚོ་དེར་འབྱུང་འགྱུར་དེ་བས་བདེ་སྐྱིད་ཁམས་བདེ་ཡོང་ངེས་རེད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། བློ་བཟང་བསྟན་འཛིན་དང་། ལི་ཡིའུ་ཅུན། དབུན་ཁའེ། ཟླ་སྒྲོན།)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།