དབུ་ཤོག>ཆེད་སྒྲིག
  • མངའ་རིས་ས་མཐོར་རྣམ་པ་གསར་པ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-18

    1186050_yis_1634486400000_s.jpg

    འདི་ནི་སེང་གེ་ཁ་འབབ་ཀྱི“ཆུ་བོ་གཅིག་དང་ངོགས་གཉིས”ཀྱི་འདུ་འགོད་ཡིན་པ།

    རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ།

    བོད་བྱང་ཐང་གི་ཟླ་11པར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ལྷག་ཙམ་བར་ཆག་ནས་ས་གཞི་ཆེ་མོར་འཁྱགས་པ་མཐུག་ཚད་སྨི་1ལྷག་ཙམ་ཐེབས་ཡོད། བློ་མཐུན་ཚོས་ཤུགས་ཡོད་ཚད་བཏོན་ནས་འཇོར་གཞུས་ཀྱང་། འཁྱགས་པའི་ངོས་སུ་བཀོག་ཤུལ་ཕྲན་བུ་ཞིག་ལས་མེད། བློ་མཐུན་མང་པོ་ཞིག་གི་ལག་པར་རྨ་བཟོས་ནས་ཁྲག་དོན་ཏེ་འཇོར་གྱི་ཡུ་བ་དམར་པོར་གྱུར། ཉིན་གང་སྔོག་ཀྱང་ས་སླེ་པོ་གང་ལས་སྔོག་ཐུབ་ཀྱི་མེད།

    —— 《ཧི་མ་ལ་ཡའི་རྡོ་རིང་ཆེ་མོ》ལས་བཤུས།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་མངའ་རིས་ས་མཐོར་དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་གྱི་ཡོད་ཅིང་། དབུགས་རྔུབ་ལེན་དཀའ་བ་དང་མཚན་མོ་གཉིད་ཁུག་དཀའ་ལ། གནམ་གཤིས་ཧ་ཅང་གྲང་མོ་ཡོད་པས་ཆུ་ཐིགས་ལའང་འཁྱགས་པ་ཐེབས་ཀྱི་ཡོད་སྟབས་མི་རྣམས་ཀྱིས“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་ཀྱི་ཡོད།

    མི་རྣམས་བློ་ཕམ་དགོས་པ་ཞིག་ལ། སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་རྣམས་ཁྲག་དོན་འཐབ་རྩོད་ཁྲོད་རང་སྲོག་མི་ཤོར་བར་མང་ཆེ་བ་ནི་ཁོར་ཡུག་ཧ་ཅང་ངན་པོའི་ཁྲོད་རང་སྲོག་ཤོར་གྱི་ཡོད།

    ལོ་70འདས་ཟིན་རུང་ད་ཆ་མངའ་རིས་མི་དམངས་ཀྱིས་ད་དུང་ཁོར་ཡུག་དེ་འདྲ་ཞིག་ཏུ་འཚོ་བ་སྐྱེལ་གྱི་ཡོད་དམ།

    དགུན་དུས་ཀྱི་སེང་གེ་ཁ་འབབ་ལའང་དྲོ་སྐྱིད་ལྡན།

    དེ་སྔ་མངའ་རིས་མི་དམངས་ཀྱང་སྔོན་སྐྱོད་ལེན་ཤོག་དང་འདྲ་བར་དགུན་དུས་དྲོད་ལེན་གྱི་དཀའ་གནད་ཆེན་པོ་འཕྲད་ཀྱི་ཡོད།

    2015ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་17.35བཏང་ནས་མངའ་རིས་ཀྱི་འཕེལ་རྒྱས་རྣམ་པར་འགྱུར་ལྡོག་ཟབ་མོ་གཏོང་ཐུབ་པའི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཚ་གློག་ཐོན་སྦྲེལ་གྱི་གཅིག་སྡུད་ཚ་དྲོད་མཁོ་འདོན་ལས་གྲྭ་དངོས་སུ་ལག་བསྟར་བྱས་པ་དང་འབྲེལ། 2018ལོར་ཁྱོན་ཡོངས་ནས་དྲོད་རླངས་མཁོ་འདོན་ཡང་བྱས་པ་རེད། མིག་སྔར་གྲོང་ཁུལ་གྱི་གཞུང་ལམ་ཨ་མ་12དང་། དྲོད་རླངས་མཁོ་འདོན་ཁུལ་36 ཚན་པའི་ཁུལ་ཆུང་252 འཛུགས་སྐྲུན་རྐྱང་པའི་སྟར་པ་3200བཅས་སུ་ཁྱབ་པ་དང་ལོར་དྲོད་རླངས་མཁོ་འདོན་གྱི་དུས་ཚོད་ཉིན་238ཟིན་ཞིང་། ཁང་པའི་ནང་ཇུས་འགོད་བྱས་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ལས་མཐོ་བ་ཡོད།

    དེ་དང་དུས་མཚུངས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཁུལ་གྱི་མཚོ་ཆེན་དང་། སྒེར་རྩེ། དགེ་རྒྱས། དེ་བཞིན་རུ་ཐོག་བཅས་ས་བབ་མཐོ་བའི་རྫོང་བཞིར་ཡང་གཅིག་རྗེས་གཉིས་མཐུད་ངང་དྲོད་རླངས་མཁོ་འདོན་ཐུབ་ཅིང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་11ལྷག་ཙམ་བཏང་ཡོད།

    དེ་ནས་བཟུང་། གྲོང་ཁྱེར་འདིའི་མི་རྣམས་ཀྱིས་གྲང་ངར་ཆེ་བའི་དགུན་དུས་སྐྱེལ་མཇུག་འགྲིལ།

    གསོ་རླུང་འདང་ངེས་ཡོད་པས་ལས་ཤུགས་ཀྱང་ཆེ་རུ་སོང་བ།

    གསོ་རླུང་མི་འདང་བ་ནི་མངའ་རིས་མི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཆེན་པོ་གཞན་ཞིག་རེད། སྔོན་སྐྱོད་ལེན་ཤོག་གིས་མངའ་རིས་ལ་བཅིངས་འགྲོལ་གཏོང་སྐབས། ས་ཁུལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་37ལས་ཟིན་གྱི་མེད།

    ད་ཆ་སེང་གེ་ཁ་འབབ་གྲོང་རྡལ་དུ་གྲོང་མིས་གསོ་རླུང་ཐོན་སྐྱེད་ཀུང་སིའི་ཟོག་འདྲེན་རླངས་འཁོར་ཆུང་ཆུང་ཁྲོམ་ལམ་ཆེ་ཆུང་གང་སར་གསོ་རླུང་སྐྱེལ་བར་འགྲོ་བ་མཐོང་རྒྱུ་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་གསོ་རླུང་མི་འདང་བའི་དབང་གིས་ཐོན་པའི་བདེ་ཐང་གནད་དོན་ཐག་གཅོད་ནུས་ལྡན་དང་མངའ་རིས་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་ཆེད། 2016ལོར་ཚོང་འགུགས་མ་འདྲེན་གྱི་རྣམ་པའི་ཐོག་ནས་མངའ་རིས་ཨོའུ་ཝུའེ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དང་མ་འཇོག་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ས་བབ་མཐོ་བའི་གཅིག་སྡུད་གསོ་རླུང་མཁོ་འདོན་འདུ་འགོད་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།

    མིག་སྔར། གཅིག་སྡུད་གསོ་རླུང་མཁོ་འདོན་འདུ་འགོད་ཀྱིས་བསྡོམས་གསོ་རླུང་མཁོ་འདོན་བྱ་ཡུལ་མི་གྲངས་12621ཟིན་པ་དང་། གསོ་རླུང་ཐོན་སྐྱེད་བཟོ་གྲྭས་རྒྱུན་ཆད་མེད་པར་གསོ་རླུང་ཐོན་སྐྱེད་བྱས་ཏེ་ཆ་སྙོམས་ཉིན་རེར་གསོ་རླུང་ཐོན་སྐྱེད་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་3450ཟིན་ནས་བདེ་འཇགས་ངང་ལོ་ལྔ་འཁོར་སྐྱོད་བྱས་པ་མ་ཟད། ཁྱོན་གསོ་རླུང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་50ལྷག་ཙམ་མཁོ་འདོན་བྱས་པ་དང་ཆབས་ཅིག ད་དུང་ས་མཐོའི་གསོ་རླུང་ཕྲ་མོའི་གནོན་གྲུ་ཚང་དང་འཁྱེར་བདེའི་གསོ་རླུང་ཕྲ་མོའི་གྲུ་ཚང་སོགས་གསོ་རླུང་སྒྲིག་ཆས་ནང་འདྲེན་བྱས་ནས་མངའ་རིས་ཀྱི་ས་གནས་དེ་གའི་ལས་བྱེད་པ་དང་། མང་ཚོགས། ཡུལ་སྐོར་བ། དེ་བཞིན་འགྲོ་འོང་མི་སྣ་སོགས་ལ་བདེ་ཐང་གི་འགན་ལེན་བྱས་ཡོད་པ་རེད།

    ལས་བྱེད་པ་དང་མང་ཚོགས་ཀྱི་གསོ་རླུང་ཉོ་བའི་འགྲོ་གྲོན་ཆུང་དུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་ད་དུང་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། དེ་སྔ་མངའ་རིས་ས་ཁུལ་གྱིས་གསོ་རླུང་ཉོ་བའི་ཁྲོམ་རའི་རིན་གོང་ཚད་གཞི་ཧྲེང་40རེར་སྒོར་600ཡིན་པ་དང་གཅིག་སྡུད་ཀྱི་གསོ་རླུང་མཁོ་འདོན་འདུ་འགོད་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་གསོ་རླུང་གཱ་བཟོས་པ་བརྒྱུད་ཧྲེང་40རེར་སྒོར་240ལས་སྤྲོད་དགོས་ཀྱི་མེད་པ་དེ་དེ་སྔའི་ཕྱེད་ཀ་ཡང་ཟིན་གྱི་མེད།

    ཆུ་ངོགས་གཉིས་སུ་སྔོ་ལྗང་ལྗོན་ཤིང་བརྒྱན།

    ལྗང་མདོག་དང་ལྷག་པར་དུ་ཡུག་སྦྲེལ་ཤིང་ནགས་ནི་མངའ་རིས་ས་མཐོར་མཐོང་དཀོན་པའི་མཛེས་ལྗོངས་ཤིག་རེད།

    1971ལོའི་མཁའ་འགྲུལ་རྒྱང་ཚོར་གྱི་དཔྱད་གཞིའི་ཐོག་ནས་མངོན་པར་གཞིགས་ན། སེང་གེ་ཁ་འབབ་གྲོང་རྡལ་དུ་ཤར་ནས་ནུབ་བར་གྱི་རིང་ཚད་སྤྱི་ལེ་15ཟིན་པའི་སེང་གེ་ཁ་འབབ་ཀྱི་ངོགས་གཉིས་སུ་རྒྱ་ལྕང་དང་སྡོང་ཕྲན་གྱིས་ཁེངས་ཡོད། འོན་ཀྱང་སྐབས་དེ་དུས་འབུད་ཤིང་དཀོན་ལ་རྡོ་སོལ་མེད་པ་དང་གློག་ནུས་མཁོ་འདོན་ཐུབ་མེད་པས། མི་རྣམས་ཀྱིས་རྒྱ་ལྕང་འབུད་ཤིང་དུ་བྱེད་པ་དང་དུས་ཡུན་རིང་པོར་ཤིང་སྡོང་བཅད་པས། རྒྱ་ལྕང་ཤིང་ནགས་དེ་མེད་པར་གྱུར་བ་རེད།

    ས་མཐོའི་ཐན་པ་དང་ལྷགས་པ་ཆེ་བའི་ཁོར་ཡུག་ཁྲོད་ཤིང་ནགས་ལ་སྲུང་སྐྱོང་ཡག་པོ་མ་བྱུང་བར་བརྟེན། སེང་གེ་ཁ་འབབ་གྲོང་རྡལ་དུ་བྱེ་རླུང་འཚུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་སེར་གྱི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད།

    ལོ་འཁོར་མོར་ལྷགས་པ་རྒྱག་མཚམས་ཆད་མྱོང་མེད་ལ། ལོ་ཧྲིལ་པོར་ཆར་པ་མ་བབས་པར་ཐན་པ་ཡང་ཡང་བསྟན་པ་དེ་ནི་ལོ་རབས་དེའི་སེང་གེ་ཁ་འབབ་གྲོང་རྡལ་གྱི་གནས་ཚུལ་དངོས་ཤིག་རེད།

    1989ལོར་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་རླུང་བཅོས་སྐྱོང་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་པ་མ་ཟད། 1994ལོར་སེང་གེ་ཁ་འབབ་གཤོངས་སའི་སྐྱེ་དངོས་བྱེ་འགོག་བྱེ་བཅོས་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད། ལོ་20ལྷག་ཙམ་རིང་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་བརྒྱུད་རིམ་རྩིས་བྱས་ན་འདུ་འགོད་དེ་ལས་ནགས་བཟོ་མུའུ་ཁྲི་5.3དང་། སྡོང་ཕྲུག་རྐང་ཁྲི་885བཙུགས་པ། རྩྭ་མུའུ་6100བཏབ་པ་བཅས་བྱས་པས། སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་འགོག་རླུང་འགོག་ནུས་ལྡན་ཐུབ་ནས་ལོ་རེའི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    གཞན་ཡང་། མངའ་རིས་ས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་ད་དུང་མ་དངུལ་སྒོར་ཁྲི་3293བཏང་ནས“ལྗོན་ཤིང་ཆེན་པོ་འཛུགས་པ་དང་ཤིང་འཛུགས་ཆེ་མོའི”འདུ་འགོད་ལག་ལེན་བསྟར་ཞིང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་ཁུལ་གྱི་ཁྲོམ་གཞུང་གཙོ་བོ་16དང་། ཁམས་བདེ་ཁང་གསར། ས་ཁུལ(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་དང་། ཁེ་ལས་དང་བྱ་གཞག་ཚན་པ། བཅའ་སྡོད་དཔུང་སྡེ་96གིས་སྔོ་འགྱུར་འདུ་འགོད་ལག་ལེན་བསྟར་ནས་མཚོ་སྔོན་གྱི་སྦྱར་སྡོང་དང་རྒྱ་ལྕང་སོགས་སྡོང་ཕྲུག་རྐང་ཁྲི་7.12ལྷག་ཙམ་འདེབས་འཛུགས་བྱས་པས་མཐར་སེང་གེ་ཁ་འབབ་ངོགས་གཉིས་སུ་སྔོ་ལྗང་གིས་ཡོངས་སུ་བཀླུབས།

    2020ལོའི་ཟླ་10པར་མངའ་རིས་ས་ཁུལ་འདི་ཉིད་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུས་ཁག་བཞི་པའི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཁུལ་གྱི་མཚན་སྙན་སྤྲད་པ་དང་། དེ་ནི་དེང་གི་མངའ་རིས་འཛུགས་སྐྲུན་པ་ཚོས་ཁོར་ཡུག་ཧ་ཅང་ཞན་པོའི་ཁྲོད་རང་སྲོག་བློས་བཏང་བའི་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཚོར་འཇལ་བའི་དྲིན་ལན་ཡག་ཤོས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།