རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ།
འདི་ནི་ཁོན་ཏའེ་ཡི་ནང་མིར་བཅར་འདྲི་བྱེད་བཞིན་པ།
ཁོན་ཏའེ་ཡི་ཡིག་ཚགས།
1948ལོའི་ཟླ་5པར་ཤིན་ཅང་པ་དབྱིན་ཀུའོ་ལེང་ཀྲོའུ་ཧོ་ཅིང་རྫོང་པ་ལུན་ཐའེ་ཨ་ལ་ཀོའུ་ལུང་ཤུར་དུ་སྐྱེས། ཀྲུང་གུང་ཏང་ཡོན། འདི་ལོ་ལོ་73ཡིན། ཁོན་ཏའེ་མངལ་ལ་འཁོར་རྗེས་ཨ་ཕ་གར་སོང་ཐོས་རྒྱུ་མེད། ཆུང་དུས་ཨ་ཕྱི་དང་ཨ་ཞང་གིས་འཚོ་སྐྱོང་བྱས། 1971ལོར་དམག་ལ་ཞུགས། སྐམ་དམག་ཧྲི་ཤོག་བཞི་པའི་ཐོན་ཤོག་བཅུ་གཉིས་པར་དམག་སྐུལ་དང་ལེན་ཞུས། པན་ཀྲང་དང་ཕའེ་ཀྲང་སོགས་ཀྱི་ལས་འགན་ཁུར། དམག་དཔུང་དུ་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་འཇོག་མྱོང་ཡོད། 1984ལོའི་ཟླ་10པ་ནས་1986ལོའི་ཟླ་11བར་ཧོ་ཅིང་རྫོང་པ་དབྱིན་པུའུ་ལུའུ་ཁེ་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅིའི་ལས་འགན་ཁུར། ལས་སྒྱུར་བྱས་རྗེས་མི་དམངས་དངུལ་ཁང་པཱ་ཀྲོའུ་ལྟེ་བའི་ཉིང་ལག་དངུལ་ཁང་དུ་ཧང་ཀྲང་གཞོན་པ་སོགས་ཀྱི་ལས་འགན་འཁུར་བ་དང་2008ལོར་རྒན་ཡོལ་ཞུས།
ཁོང་གི་ཨ་ཕ་ནི་པཱ་ལི་ཅི་ཡིན་པ་དང་། མིང་གཞན་ལ་པཱ་ལི་ཞང་ཟེར་ཞིང་། ཆུང་དུས་ནས་ཤིན་ཅང་ཧོ་ཅིང་གི་པ་ལུན་ཐའེ་རི་གྲོང་དུ་འཚར་ལོངས་བྱུང་བ་རེད། རྟ་རྩལ་ལེགས་ལ་མདའ་རྩལ་མཁས་པ་མ་ཟད། ད་དུང་དཀའ་སྡུག་ཁྱད་པར་བཟོད་ཐུབ་པར་བརྟེན་1950ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས། 1951ལོའི་ཟླ་1ཚེས་7ཉིན་གྲ་མ་མང་པོར་སྐུ་གཤེགས་པ་དང་ཁོང་ནི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོ་དང་པོ་དེ་རེད།
མངའ་རིས་ནས་ཤིན་ཅང་ཕྱོགས་སུ་སྐྱོད་སྐབས་གསར་འགོད་པས་བཅར་འདྲི་བྱ་ཡུལ་གྱི་མིང་ངེས་ཐབས་བྱས། ཁོན་ཏའེ་ཟེར་བའི་མིང་དེ་མངའ་རིས་སུ་བཅར་འདྲི་བྱེད་རིང་མི་གཞན་གྱི་ས་ནས་ཐེངས་ཁ་ཤས་ཐོས་མྱོང་། ཁོང་དང་ལོ་ངོ་70ཡི་གོང་གི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ཁེར་འཛིང་དཔའ་བོ་པཱ་ལི་ཞང་གཉིས་ཁྲག་རྒྱུད་གཅིག་ཏུ་སྦྲེལ་བའི་ཕ་བུ་ཡིན་མོད། འོན་ཀྱང་ཕ་བུ་འདི་གཉིས་གཏན་ནས་འཕྲད་མྱོང་མེད།
ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ཤིན་ཅང་པཱ་དབྱིན་ཀུའོ་ལེང་ཀྲོའུ་ཡི་ཀྲོའུ་སྲིད་གཞུང་གནས་ཡུལ་ཁུར་ལེ་གྲོང་ཁྱེར་དུ་འབྱོར་སྐབས་གནམ་འཐིབས་འདུག ང་ཚོས་ཁ་པར་གྱི་ཕྱོགས་སྟོན་མཉེན་ཆས་བརྒྱུད། རླངས་འཁོར་ལ་བསྡད་དེ་མི་དམངས་དངུལ་ཁང་པ་ཀྲོའུ་ལྟེ་བའི་ཉིང་ལག་དངུལ་ཁང་གི་སྡོད་ཁུལ་དུ་ཆས་པ་ཡིན།
སྒོ་སྲུང་ལ་སྐད་ཆ་དྲིས་པ་ལས་བགྲེས་སོང་ཁོན་ཏའེ་ཁྱིམ་དུ་ལོག་མ་ཐག་ཡིན་པ་ཤེས་བྱུང་། སྐད་ཆ་འདྲི་ཞོར་དུ་གསར་འགོད་པས་མི་རིང་བའི་སར་ལུས་ལ་གྱོན་པ་ནག་པོ་བཀླུབས་པ་དང་། མགོ་བོར་ཞྭ་མོ་ཐལ་མདོག་གྱོན་ཞིང་། གཟུགས་པོ་རིད་པའི་རྒན་རྒོན་ཞིག་ཕྱིར་བལྟས་ཡང་ཡང་སློག་གིན་མདུན་དུ་སྐྱོད་བཞིན་ཡོད་པ་མཐོང་། རླངས་འཁོར་ཡོང་བ་མཐོང་འཕྲལ་ཁོང་གིས་གོམ་པ་སྤོ་མཚམས་བཞག་ནས་དེ་གར་ཀྲོང་ངེར་ལངས་པ་དང་། ཁོང་གི་མིག་མདངས་ལས་གནས་ཚུལ་གང་རུང་ཤེས་འདོད་ཆེན་པོ་བྱེད་པ་མངོན། གསར་འགོད་པ་ཡོང་དོན་ཤེས་རྗེས་བགྲེས་སོང་གི་ངོ་གདོང་ལས་བཅོས་མིན་གྱི་འཛུམ་མདངས་འཕྱུར།
གཏམ་གླེང་བྱེད་ཀྱིན་ཁོང་གིས་ང་ཚོ་ཁྱིམ་དུ་མགྲོན་པོར་འབོད་བྱུང་། ཁོང་གི་བཟའ་ཟླ་དང་བུ་པཱ་ཐེར་དང་། བུ་མོ་ཐུའུ་ཡ། ཚ་མོ་གཉིས་བཅས་ཀྱིས་ཁྱིམ་དུ་བསྒུགས་ནས་བསྡད་འདུག ཚོམས་ཆེན་གྱི་རྒྱ་ལྕོག་སྟེང་ཤིང་འབྲས་སྐམ་པོ་དང་། བག་ལེབ། ཇ་ཐང་ཚ་པོ་སོགས་མང་པོ་བསྒྲིགས་པ་མ་ཟད། ནང་མི་ལྟར་སྣེ་ལེན་གཟབ་རྒྱས་གནང་བས་ཉིན་ཤས་བསྟུད་མར་ལམ་དུ་ཞུགས་པའི་ངལ་དུབ་ཚང་མ་འཇའ་ལྟར་ཡལ་སོང་།
ལུས་སེམས་བདེ་ལ་འཁོད་རྗེས། ཁང་པའི་ཕྱོགས་བཞིར་ཞིབ་ལྟ་བྱེད་སྐབས་གྱང་ངོས་སུ་ལོ་རབས་མི་འདྲ་བའི་འདྲ་པར་མང་པོ་བཀལ་ཡོད་པ་དང་། པཱ་ལི་ཞང་གིས་དམག་ཆས་གྱོན་པའི་ཕྱེད་པར་གསར་བཅོས་བྱས་པ་ཞིག་མངོན་ཆེ་སར་བཀལ་འདུག
བགྲེས་སོང་ཁོན་ཏའེ་ཡིས་སྔོན་ནས་གྲ་སྒྲིག་ཟིན་པའི་ཡིག་ཆ་རྣམས་ང་ཚོར་བསྟན་བྱུང་། དེ་དག་ནི་ཁོང་གིས་ལོ་འདི་དག་རིང་འཚོལ་བསྡུ་བྱས་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་འདྲ་པར་དང་དཔྱད་གཞིའི་ཡིག་རིགས་ཡིན་པ་རེད།
“འདི་དག་ནི་ལི་ཏི་སན་དང་། ཕེང་ཆིང་ཡུན། ལི་ཙེ་ཞང་བཅས་རེད་ཚང་མ་ངའི་ཨ་ཕའི་འགོ་ཁྲིད་རེད”ལོ་རྒན་བདུན་ཅུར་སླེབས་པའི་བགྲེས་སོང་ཁོན་ཏའེ་ཡིས་སྐད་ཤུགས་ཆེན་པོས་དེ་ལྟར་སྨྲས། ཁོང་གི་རྣ་བ་གཡོན་མ་འོན་སྟབས་སྐད་ཤུགས་ཅུང་ཟད་ཆེ་ཡང་དྲན་པ་སྐྱེན་པོ་འདུག
ལོ་འདི་དག་རིང་། ཨ་ཕའི་གནས་ཚུལ་ཕྲན་བུ་འཚོལ་ཆེད་ཁོན་ཏའེ་ཡིས་སྔོན་ཆད་པཱ་ལི་ཞང་ཆ་རྒྱུས་ཡོད་པའི་མི་ཚང་མ་བཙལ་མྱོང་ཡོད། འོན་ཀྱང་ལོ་མང་སོང་བས་ཕ་དང་ན་ཚོད་མཉམ་པའི་མི་མང་ཆེ་བ་ཚེ་ལས་འདས་ཟིན།
ཁོན་ཏའེ་ནི་བསོད་ནམས་དམན་པ་ཞིག་རེད། ཁོང་རང་མ་སྐྱེས་གོང་ནས་ཨ་ཕ་པཱ་ལི་ཞང་སྐབས་དེ་དུས་ཀྱི་ཧོ་ཅིང་ས་གནས་ཀྱི་སྐུ་ངོས་ཀྱིས་བཟུང་། དུས་དེ་ནས་བཟུང་ཕ་ཡུལ་དང་བྲལ་ནས་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར།
1948ལོའི་ཟླ་5པར་ཁོན་ཏའེ་སྐྱེས། དམར་འབྱར་སྐབས་ནས་ཁོང་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་ཨ་ཕྱི་པུའུ་ཅིའི་སར་བསྐྱལ། དེ་དུས་ཨ་ཕའི་སྐོར་གང་ཡང་གོ་རྒྱུ་ཐོས་རྒྱུ་མེད་པས་ཁོན་ཏའེ་ཡི་ཨ་མ་ཡང་གཞན་གྱི་མནའ་མར་ཕྱིན།
གལ་ཏེ་ཨ་ཕྱི་དང་ཨ་ཞང་གཉིས་ཀྱིས་གསོ་སྐྱོང་མ་བྱས་ན་བྱིས་དུས་ཀྱི་ཁོན་ཏའེ་མྱ་ངམ་ཐང་དུ་ལུས་པའི་བྱིའུ་ཕྲུག་ལྟར་ཆགས་ས་རྟེན་ས་གང་ཡང་མེད་པར་འགྱུར་རྒྱུ་རེད། ཁོན་ཏའེ་ཧ་གོ་དོན་རྟོགས་ཐུབ་པ་ནས་བཟུང་། ཨ་ཕྱི་པུའུ་ཅིས་ཨ་ཕའི་སྐོར་ཁོན་ཏའེ་ལ་ཡང་སེ་ཤོད་ཀྱི་ཡོད། ཨ་ཕྱིས“ཁྱེད་ཀྱི་ཨ་ཕའི་མིང་ལ་པཱ་ལི་ཞང་ཟེར། དམག་མིར་ཞུགས་ནས་ཡུན་རིང་སོང་ཡང་གང་དུ་ཡོད་མེད་ཤེས་ཀྱི་མེད”ཅེས་བཤད། པུའུ་ཅིས་ཕྱིས་སུ་པཱ་ལི་ཞང་ཤིན་ཅང་གི་འོས་ལངས་དམག་དཔུང་དུ་ཞུགས་པ་དང་1950ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས་པ་གཏན་ནས་ཤེས་ཀྱི་མེད།
ཨ་ཕྱིས་ཨ་ཕའི་སྐོར་བརྗོད་པས་ཆུང་དུས་ནས་ཆ་རྒྱུས་མེད་པའི་ཨ་ཕ་སེམས་དབུས་སུ་ཉར་ནས་ཨ་ཕས་རང་ཉིད་འཚོལ་དུ་ཡོང་རྒྱུའི་འདུན་པ་ཆེན་པོ་བཅངས།
1965ལོའི་ཟླ་གསུམ་པར་ཁོན་ཏའེ་ལས་ཀར་ཞུགས། ཧོ་ཅིང་རྫོང་པཱ་ལུན་ཐའེ་གློག་བརྙན་ཁང་གི་གློག་བརྙན་སྟོན་མཁན་ཞིག་ཏུ་གྱུར། ལོ་5ཡི་རྗེས་ཁོང་དང་སོག་པོའི་བུ་མོ་ཧུང་དབྱིང་གཉེན་སྒྲིག་བྱས།
གཉེན་སྒྲིག་བྱས་ཀྱང་ཁོན་ཏའེ་ཡིས་སྔར་བཞིན་པ་ཕ་པཱ་ལི་ཞང་དྲན་ནས་ཡོད། མ་གཞི་ལོ་འདི་དག་རིང་ཁོང་གིས་ཨ་ཕའི་སྐོར་ཕྲན་ཙམ་རེ་ཐོས་མྱོང་ཡོད། ཁོན་ཏའེ་ཡིས“ཨ་ཕ་གཡུལ་སར་འདས་རུང་ངས་སྔར་བཞིན་ཨ་ཕའི་སྐོར་མང་པོ་ཤེས་འདོད་འདུག”ཅེས་བཤད།
1971ལོར་བཟའ་ཟླ་ཧུང་དབྱིང་ལ་མངལ་འཁོར་ཡང་སེམས་གཏིང་ནས་ཨ་ཕའི་ཕུགས་འདུན་རྒྱུན་འཛིན་བྱེད་པའི་ལས་འགན་སྒྲུབ་སེམས་བཅངས་ཏེ་ཁོན་ཏའེ་དམག་མིར་ཞུགས།
འདི་ལོ་ལོ་73ལ་སླེབས་པའི་བགྲེས་སོང་ཁོན་ཏའེ་ཡི་ལག་ཏུ་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ཧོ་ཅིང་རྫོང་ནས་ཡིན་པའི་སོག་རིགས་ཀྱི་སྔོན་བྱོན་པ་23གྱི་མིང་ཐོ་ཞིག་ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་བོད་ལྗོངས་མངའ་རིས་སུ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་9དང་གསོན་པོར་ཕ་ཡུལ་ཧོ་ཅིང་དུ་ལོག་མཁན་14དང་དེ་བཞིན་ཁོང་ཚོའི་སྐྱེས་འདས་ཀྱི་ལོ་ཟླ་བཀོད་འདུག འདི་ཡང་བགྲེས་སོང་ཁོན་ཏའེ་ཡིས་ལོ་བཅུ་ཕྲག་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། “ཁོང་བརྒྱུད་ནས་ཧོ་ཅིང་རྫོང་གི་མི་མང་པོ་ཞིག་ལ་དུས་རབས་ཕྱེད་ཀའི་གོང་གཞན་ཡུལ་དུ་བསྐྱོད་པའི་གཉེན་ཉེ་རྙེད་ཡོད”ཅེས་ཧུང་དབྱིང་གིས་མིག་ཟུང་ཁོན་ཏའེ་ལ་ཅེར་བཞིན་དེ་ལྟར་བཤད།
2018ལོར་བགྲེས་སོང་ཁོན་ཏའེ་ཡིས་བུ་པཱ་ཐེར་དང་ཚ་བོ་རེན་ཆན་ཁྲིད་དེ་བོད་ལྗོངས་མངའ་རིས་སུ་ཨ་ཕ་པཱ་ལི་ཞང་ལ་དུར་མཆོད་བྱེད་པར་བསྐྱོད། མངའ་རིས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མི་རབས་གསུམ་པོས་པཱ་ལི་ཞང་གི་བང་སོར་བརྩེ་སེམས་ཟབ་མོས་དུར་མཆོད་བྱེད་སྐབས། ཁོན་ཏའེ་ཡིས་དབུགས་རིང་འབྱིན་བཞིན“ང་ཚོ་མི་རབས་བཞི་པོ་གཞི་ནས་ཐུག་སོང”ཞེས་བཤད།
ལོ་འདི་དག་རིང་ཁོན་ཏའེ་ཡིས་དུས་དང་རྣམ་པ་ཀུན་ཏུ་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”ལག་ལེན་བསྟར་བ་དང་། ཁོང་སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོར་ཞུགས་པར་བརྟེན་ཧོ་ཅིང་རྫོང་གིས“གསར་བརྗེའི་སྒྲོག་འགྲེལ་ཚོགས་པའི”སྒྲོག་འགྲེལ་པར་གདན་དྲངས།
འདི་ལོའི་དྭངས་གསལ་དུས་ཚིགས་གོང་། དཔུང་སྡེས་ཧོ་ཅིང་རྫོང་ནས་ཡིན་པའི་སོག་རིགས་ཀྱི་སྔོན་གཤེགས་དཔའ་བོ་9ཡི་པུར་སྒམ་མངའ་རིས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནས་ཧོ་ཅིང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྤོས་པ་རེད། དཔའ་བོའི་རྣམ་ཤེས་ཕ་ཡུལ་དུ་ལོག་ཐུབ་པས་གཉེན་ཉེ་རྣམས་ལུས་སེམས་ལྷོད་ལ་བབས།