དབུ་ཤོག>ཆེད་སྒྲིག
  • ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོའི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-17

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་དུ་གནས་པའི་ཡུམ་བུ་བརླ་མཁར་ལ་ད་བར་ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཕོ་བྲང་དང་པོ་རེད། ད་ཆ་ཕོ་བྲང་གཤམ་གྱི་སྨོན་གྲོང་སྒང་སྡེ་ཁུལ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་གསོན་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

    དེ་སྔ་བོད་རིགས་ཀྱི་མེས་པོ་ཚོས་ས་གཞི་དེའི་ཐོག་ཞིང་ཁ་འདེབས་ནས་ཕོ་བྲང་གཤམ་དུ་བོད་ཀྱི་ལོ་རྒྱུས་ཐོག་གི་ཞིང་ཁ་དང་པོ་སྟེ་ཟ་ར་ཟོ་དང་ཞིང་ཁ་རྨོས་ཡོད། ལས་ལ་བརྩོན་པའི་བོད་རིགས་མི་དམངས་ཀྱིས་ལོ་ནས་ལོ་བར་དེ་གར་ནས་ཀྱི་ས་བོན་བཏབ་པས་སྟོན་དུས་སུ་སླེབས་སྐབས་ལོ་ལེགས་ཀྱི་འབྲས་བཟང་ཐོབ་ཀྱི་ཡོད།

    གྲོང་མི་ཚོར་ནས་རྨོ་འདེབས་དང་བརྔ་རྒྱུར་སྟབས་བདེ་བསྐྲུན་ཆེད། ལོ་16གི་གོང་སྨོན་གྲོང་སྒང་གྲོང་ཚོས་གཅིག་རྗེས་གཉིས་མཐུད་ངང་སོན་འདེབས་འཕྲུལ་འཁོར་2དང་། ས་སློག་འཕྲུལ་འཁོར་2བརྔ་བསྡུ་འཕྲུལ་འཁོར་4བཅས་ཉོས་ཡོད།

    མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱ་ཆེད། སྨོན་གྲོང་སྒང་གི་གྲོང་མི་ཚོས་ཕྱུག་འགྱུར་ཐབས་ལམ་དེ་བས་མང་པོ་འཚོལ་ཞིབ་བྱེད་འགོ་བཙུགས་ཡོད། ཡུམ་བུ་བརླ་མཁར་གྱིས་གཏིང་ཟབ་པའི་རིག་གནས་ཀྱི་གདིང་གཞི་དང་ལོ་རྒྱུས་ཀྱི་རིམ་ཆགས་ལ་བརྟེན་ནས་སྨོན་གྲོང་སྒང་གྲོང་ཚོར་ཡུལ་སྐོར་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་བཏོད་ཡོད།

    བོད་ཀྱི“ཕོ་བྲང་དང་པོ”དང“ཞིང་ཁ་དང་པོའི”མཚན་སྙན་ལ་བརྟེན་ནས་ད་ཆའི་སྨོན་གྲོང་སྒང་སྡེ་ཁུལ་དུ་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་8ལྷག་ཙམ་གྱི་ཡིད་དབང་བཀུག་གི་ཡོད།

    ཞོགས་པ་སྔ་པོ་ནས་ཡུལ་སྐོར་བ་མང་པོ་བླུགས་པའི་རླངས་འཁོར་ཞིག་ཡུམ་བུ་བརླ་མཁར་མཛེས་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་སར་སླེབས། ཡུལ་སྐོར་བ་ཚོ་རླངས་འཁོར་ནས་བབས་མ་ཐག་ལག་ཐོགས་ཁ་པར་རམ་ཡང་ན་པར་ཆས་འཁྱེར་ཏེ་པར་རྒྱག་འགོ་ཚུགས། ཡུལ་སྐོར་བ་ལི་ཡུན་ཕུང་གིས། ད་རེས་ང་གྲོགས་པོ་དང་མཉམ་དུ་ཡོང་བ་ཡིན། དེ་སྔོན་འདིར་ཡོང་མྱོང་ཡོད། ཡིན་ནའང་ངའི་བསམ་པར་ས་ཆ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ས་ཆ་ཞིག་ཡིན་པས་དེར་བརྟེན་གྲོགས་པོ་འཁྲིད་ནས་ཡོང་བ་ཡིན”ཞེས་བཤད།

    2016ལོར་ལྷོ་ཁ་འདི་ཉིད་ས་བསྒྱུར་གྲོང་འཛུགས་བྱས་པས་སྨོན་གྲོང་སྒང་གྲོང་ཚོ་སྨོན་གྲོང་སྒང་སྡེ་ཁུལ་དུ་བསྒྱུར་བ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་གྲོང་མི་ཚོའི་འཚོ་བའང་ཇེ་ལེགས་སུ་ཕྱིན་ཡོད།

    “ད་ཆ་ཡུམ་བུ་བརླ་མཁར་ནི་A3རིམ་པའི་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་འདི་ལོ་ང་ཚོས་A4རིམ་པའི་མཛེས་ལྗོངས་ཁུལ་ལ་རེ་ཞུ་བྱེད་བཞིན་ཡོད། ང་ཚོས་བསྐྱར་དུ་འཆར་འགོད་བྱས་ནས་ས་འོག་ཆུ་འགྲོའི་མདོང་ལམ་་བཏིང་སྟེ་གྲོང་ཚོ་དེ་བས་གཙང་སྦྲ་ལྡན་པ་ཞིག་ཏུ་གྱུར་བར་བྱས་ཡོད”ཅེས་སྨོན་གྲོང་སྒང་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་ཉི་མས་བཤད།

    ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་ཡུམ་བུ་བརླ་མཁར་གྱིས་བོད་རིགས་མེས་པོ་ཚོ་སྐྱས་སྤོས་འཚོ་བ་ནས་ཞིང་རྨོ་ཐོན་སྐྱེད་བྱེད་པའི་བར་དང་དེ་ནས་ད་ཆའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུར་སྐྱོད་པའི་བར་གྱི་དཔང་པོ་བྱས་ཡོད།

    ད་ཆའི་སྨོན་གྲོང་སྒང་སྡེ་ཁུལ་གྱི་ཁྱིམ་དུད་ཚང་མས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཁྲོད་ཞུགས་ཆོག་ལ་གྲོང་མི་ཚོའང་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་དེ་མཚུངས་ཀྱི་ཡོང་འབབ་རག་གི་ཡོད། མིག་སྔའི་བར་སྡེ་ཁུལ་མང་ཚོགས་ཀྱིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་18000ལྷག་ཙམ་ཟིན་ཡོད། སྨོན་གྲོང་སྒང་སྡེ་ཁུལ་དེ་ཉིད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་སྡེ་ཁུལ་ལ་གྱུར་ནས་ཉེ་འགྲམ་གྲོང་ཚོའི་མི་ཡང་དེ་གར་ཁྱིམ་གཞིས་བཙུགས་ཡོད་པ་རེད།

    ལོ་43ལ་སླེབས་པའི་མཚོ་སྐྱིད་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ནས་ཡིན་པ་དང་2013ལོར་སྨོན་གྲོང་སྒང་དུ་མནའ་མར་ཡོང་། དུས་རྒྱུན་ཁོང་གིས་རླངས་འཁོར་འཇོག་རའི་འགྲམ་གྱི་ལག་ཤེས་ཐོན་རྫས་ཚོང་ཁང་དུ་བོད་ཀྱི་ཁྱད་ལྡན་ལག་ཤེས་ཐོན་རྫས་འཚོང་གི་ཡོད། ཁོང་གིས“ཚོང་ལེགས་པའི་སྐབས་སུ་ཉིན་གཅིག་ལ་སྒོར་600ལྷག་ཙམ་རག་གི་འདུག ཚོང་དེ་ཙམ་ཡག་པོ་མེད་པའི་སྐབས་སུའང་སྒོར་100ལྷག་ཙམ་ཟིན་གྱི་འདུག ད་ཆ་ང་ཚོའི་སྡེ་ཁུལ་དུ་མི་འགའ་ཤས་ཀྱིས་ཁང་པ་རྒྱག་པ་དང་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད། ངའི་བཟའ་ཟླས་མི་གཞན་ལ་ཁང་པ་རྒྱག་རོགས་བྱེད་ཀྱི་ཡོད། ཞིང་བྲེལ་དུས་སུ་ང་ཚོས་ནས་འདེབས་པ་དང་། ད་ཆ་སྡེ་ཁུལ་དུ་སོན་འདེབས་འཕྲུལ་འཁོར་དང་བརྔ་བསྡུའི་འཕྲུལ་འཁོར་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག སླད་ཕྱིན་ང་ཚོས་འཇིབ་ཆུང་ཞིག་ཉོ་རྩིས་ཡོད”ཅེས་བཤད།

    སྨོན་གྲོང་སྒང་སྡེ་ཁུལ་དུ་ད་ཆ་གྲོང་མི་དུད་ཚང་155ཡོད་པ་དང་། མཉམ་སྡེབ་དཔལ་འབྱོར་ཁོངས་སུ་ཡུལ་སྐོར་ལས་རིགས་ཕུད་ད་དུང་2020ལོའི་ཟླ་11པར་གཉེར་བའི་ཡུམ་བུ་བརླ་མཁར་ཆོན་དུད་སྦྲེལ་ཆུ་སྐྱེལ་ཀུང་སི་ཡོད། མིག་སྔའི་བར་ཀུང་སིས་འགྱིག་སྣོད་ཆུ་15000ལྷག་ཙམ་བཙོངས་ནས་འབབ་འཕར་སྒོར་ཁྲི་13ཙམ་བྱུང་ཡོད།

    ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་སྨོན་གྲོང་སྒང་དུ་མི་རྣམས་ཀྱིས་ངལ་རྩོལ་ཁྲོད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།