དབུ་ཤོག>ཆེད་སྒྲིག
  • ​“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-17

    ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས“དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ”བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ཏེ། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་གསར་གཏོད་ཀྱིས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་པས། རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    སྤྱི་པའི་རིག་གནས་འགན་སྲུང་ནུས་ལྡན་བྱུང་བ།

    གསར་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་ཁག་གཉིས་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཛུགས་གཏོད་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་གྲོང་ཁྱེར་དང་རྫོང་གི་ནོར་སྲིད་ཡོང་འབབ་ཀྱི་3%རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་མ་དངུལ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.53བཏང་ནས་རིག་གནས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས“རིམ་བཞིའི”སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དྲ་བ་དང་གྲངས་འཛིན་རིག་གནས་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་མ་ཟད། ལྗོངས་ཡོངས་སུ་གཞན་གྱི་སྔོན་ལ་སྤྱི་པའི་དཔེ་མཛོད་ཁང་གི་སྤྱི་ཁྱབ་ཡན་ལག་ཁང་འཛུགས་སྐྲུན་དང་། སྤྱི་པའི་རིག་གནས་ལས་ཁུངས་ཀྱི་ཁྲིམས་མི་བཅོས་སྐྱོང་གི་གྲུབ་ཆ་སྒྱུར་བཅོས། གཞི་རིམ་གྱི་རིག་གནས་ཆེད་ལས་ལག་རྩལ་མི་སྣའི“རྫོང་གིས་ཤང་ལ་དོ་དམ་བྱེད་པའི”ཚོད་ལྟ། རྒྱལ་ཁབ་ཀྱི་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཚོད་ལྟ་ཁག་དང་པོ་བཅས་འཚོལ་ཞིབ་དང་ལག་བསྟར་བྱས་ཡོད།

    གཞན་ཡང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་རམ་འོག་ཧུའུ་པེ་ཞིང་ཆེན་དཔེ་མཛོད་ཁང་དང་ཧུའུ་པེ་ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང་གིས་ལྷོ་ཁ་གྲོང་ཁྱེར་དུ་ཡན་ལག་ཁང་བཙུགས་ནས་མང་ཚོགས་ཀྱི་དཔེ་ཀློག་དགོས་མཁོ་སྔར་བས་བསྐངས་ཡོད། ལྷག་པར་དུ་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཟིན་ནས་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་ཕྱེ་བས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་ཤུགས་ཆེན་བསྐངས་ཡོད། མིག་སྔར་རྟེན་རྫས་བཤམས་མཛོད་ཁང་དེ་ནི་རང་ལྗོངས་ཀྱི་རིག་དངོས་ཉར་ཚགས་བྱེད་མང་ཤོས་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པ་དང་། ཉར་ཚགས་བྱས་པའི་རིག་དངོས་4000ལྷག་ཙམ་གྱིས་ཕྱོགས་མི་འདྲ་བ་ནས་ཡར་ཀླུང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་ལ། ལོ་རྒྱུས་ཐོག་གི་བོད་ཀྱི་རིག་གནས་དང་ཀྲུང་ཧྭའི་རིག་གནས་དབར་གྱི་འབྲེལ་བ་ཟབ་མོ་ཡང་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ལོ་རྒྱུས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་ལ“བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ”གསལ་པོར་བརྗོད་ཡོད།

    རིག་གནས་ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5600བཏང་ནས་རིག་གནས་ཐོན་ལས་རྣམ་གྲངས་4བསྐྲུན་ཡོད། ལྗོངས་ཡོངས་སུ་གཞན་གྱི་སྔོན་ལ་རིག་གནས་ཐོན་ལས་ཀྱི་བསྡོམས་རྩིས་མཉེན་ཆས་གསར་སྤེལ་ལེགས་གྲུབ་བྱུང་བ་དང་། རིག་གནས་ཁེ་ལས་དང་སྒྱུ་རྩལ་ཚོགས་པའི་གྲངས་གཞིའི་མཛོད་ཀྱི་བསྡོམས་རྩིས་དང་ཁེ་ལས(མཉམ་ལས་ཁང)43གྱི་གྲངས་གཞི་འཚོལ་བསྡུ་དང་ཕབ་འཇུག་ལེགས་གྲུབ་བྱུང་ཡོད། ལག་ཤེས་བཟོ་ལས་ཁེ་ལས་ཀྱི་གྲངས་གཞིའི་མཛོད་བཙུགས་པ་དང་ཁེ་ལས་174ཐོ་འགོད་སྙན་སེང་ཞུས་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཁེ་ལས་3གྱི་ཐོན་རྫས་སྣ་ཁ་17གྲུབ་འབྲས་ཐོབ་པའི་སྒོ་ནས་འོས་སྦྱོར་བྱས་པར“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ་བདེན་དཔང་ར་སྤྲོད་ཐོབ་ཡོད། འབྲེལ་ཡོད་ཁེ་ལས་སྒྲིག་འཛུགས་བྱས་ཏེ་པེ་ཅིང་རིག་གནས་དངོས་མང་སྟོན་ཚོགས་དང་། ཧྲེན་ཀྲེན་དངོས་མང་སྟོན་ཚོགས། ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན། བོད་ལྗོངས་དངོས་མང་སྟོན་ཚོགས་སོགས་འགྲེམས་ཚོང་བྱེད་སྒོར་ཞུགས་པ་དང་། གླེང་རིན་ཡོད་པ་ཞིག་ལ་གོང་དཀར་རྫོང་ཁྱིམ་བཞིའི་ཤིང་བརྐོས་ལྗོངས་ཡོངས་ཀྱི་འགྲེམས་རྫས་འབའ་ཞིག་ཡིན་པའི་ངོས་ནས་མིས་བཟོས་གཙང་པོའི་རིག་གནས་ཡུལ་སྐོར་དུས་ཚིགས་དང་ཀྲེ་ཅང་གི་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པའི་ནང་ཚུད་ཡོད།

    རིག་གནས་ཁྲོམ་ར་དར་རྒྱས་གོང་འཕེལ་བྱུང་བ།

    རིག་རྩལ་གསར་རྩོམ་དར་རྒྱས་ཆེན་པོ་བྱུང་བ་དང་སྤུས་དག་ལས་གྲྭར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་མ་དངུལ་སྒོར་ཁྲི་120བཏང་བ་དེ་དག་རིག་རྩལ་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་པ་དང་བྱ་དགའ་སྤྲོད་རྒྱུར་སྤྱད་ཡོད། ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་ལྷོ་ཁ་གྲོང་ཁྱེར་དུ་རྩེར་སོན་ལས་གྲྭ་མང་དག་ཅིག་ཐོན་པ་དང་། གླུ་གཞས《ཕ་ཡུལ་ཆུ་མདོ་རྒྱང》དང་ཞབས་བྲོ《ཡར་འབྲོག་གི་འཁྲུག་གཞས》ལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཆེད་ལས་ཀྱི་བྱ་དགའ་ཐོབ་ཡོད།

    རིག་གནས་ཁྲོམ་ར་དར་རྒྱས་གཏོང་བ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་སྒྱུ་རྩལ་ཚོགས་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གྲོང་ཁྱེར་ནས་ཁྱོན་མ་དངུལ་སྒོར་ཁྲི་2000ལྷག་ཙམ་དོན་འཁྱོལ་བྱས་ཏེ་གཞི་རིམ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་མི་སྣར་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་1200སྤྲད་པས། གཞི་རིམ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་བ་ཁ་ཐང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། མ་དངུལ་སྒོར་ཁྲི་5122བཏང་ནས་སྲིད་འཛིན་རིག་རྩལ་འཁྲབ་སྟོན་རུ་ཁག་557བཙུགས་པས་གཞི་རིམ་གྱི་རིག་རྩལ་དཔུང་ཁག་སྟོབས་ཆེར་ནུས་ལྡན་ཕྱིན་ཡོད། “གྲོང་ཚོར་འཁྲབ་སྟོན་རུ་ཁག་ཡོད་པས་ང་ཚོ་ལྟད་མོ་ལྟ་བར་རྫོང་དུ་འགྲོ་མི་དགོས་ལ་འཚོ་བའང་ཕུན་སུམ་ཚོགས་སུ་ཕྱིན་སོང”ཞེས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོའི་གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་བློ་ཡིད་ཚིམ་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།