གྲོང་གསེབ་བཅོས་སྐྱོང་ལས་དོན་ནི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱིས་ལས་དོན་སྣ་ཚོགས་སྤེལ་བའི་རྨང་གཞི་དང་གཙོ་གནད་རེད་ལ། གྲོང་མི་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ལྷིང་སྒྲིག་ལྡན། ཡུན་རིང་བདེ་འཁོད་བཅས་ཀྱི་རྨང་རྡོ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོས“དུས་བདེའི་གྲོང་གསེབ”བསྐྲུན་པའི་དམིགས་ཚད་ལ་དམ་པོར་གཞིགས་ཏེ། གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་དང་རྒྱུན་ཆད་མེད་པར་གསར་གཏོད་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་བཏང་ཡོད།
གཞི་རིམ་རྩ་འཛུགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་བཏང་བ། མཚོ་སྨད་གྲོང་ཚོས་ཏང་འཛུགས་སྐྱོང་ལས་དོན་དེ་ལས་དོན་ཡོངས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཞིག་ལ་བརྩིས་ཏེ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཏང་ཡོན་གྱི་ཆབ་སྲིད་སློབ་གསོ་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་དུས་བཀག་ལྟར་སྤེལ་ནས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། ལས་དོན་ཁག་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་བ། ཏང་ཡོན་གྱི་ལས་གནས་དང་འགན་འཁྲི་གཏན་འཁེལ་གྱིས“ཏང་ཡོན་གྱི་འགན་ལེན་གསུམ”གྱི་ལས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་དང་ནང་དོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ། གྲོང་ཚོའི“གཅིག་འཐུས་རྣམ་པའི”སྲིད་དོན་ཞབས་ཞུ་དང་ཚབ་སྒྲུབ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། མང་ཚོགས་ཚོ“སྒོ་གཅིག་ལས་འཛུལ་མི་དགོས་པ”དང“ཐེངས་གཅིག་ལས་འགྲོ་མི་དགོས་པ”དང་། ཟླ་རེར་སྲིད་འཛིན་ཞིབ་མཆན་འགོད་པའམ་ཡང་ན་དམངས་ཕན་ཞབས་ཞུའི་དོན་ཚན་200ལྷག་ཙམ་སྒྲུབ་གཉེར(ཚབ་གཉེར)ཐུབ་ནས་སྒྲུབ་ཚད་98%ལྷག་ཙམ་དང་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།
ལུགས་རྙིང་སྲོལ་ངན་མེད་པར་བཟོས་ནས་ཡ་རབས་སྲོལ་བཟང་བཙུགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ“ཞིང་དལ་དུས་ཀྱི་བྱེད་སྒོ་བཅུ”བཅས་གཞི་རྟེན་དུ་བྱས་ཏེ། སྒྲོག་འགྲེལ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དཔུང་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། “ཐ་མག་མི་འཐེན་པ་དང་ཆང་རག་མི་འཐུང་བའི་མཚོ་སྨད”འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་ཏེ། “ཐ་མག་མི་འཐེན་པ་དང་། ཆང་རག་མི་འཐུང་བ། རྒྱན་འཛུགས་མི་བྱེད་པའི”དྲིལ་བསྒྲགས་བརྡ་ཁྱབ་བྱང་བུ་50ལྷག་ཙམ་བསྒར་བ་དང་། ཐ་མག་དང་ཆང་རག་བཅད་ཅིང་རྒྱན་འཛུགས་མི་བྱེད་པའི་ཁྱིམ་ཚང་ལ་བྱ་དགའ་སྤྲད་པ། ཐ་མག་མི་འཐེན་ལ་ཆང་རག་མི་འཐུང་བའི་ཁྱིམ་ཚང་ལ་གཟི་བརྗིད་མཚན་སྙན་གྱི་བྱང་བུ་བཀལ་བ། དཔེ་སྒྲོམ་252བཟོས་ནས་ཏང་གི་སྲིད་ཇུས་ཕྱོགས་བསྒྲིགས་དང་རྒྱ་བོད་ཤན་སྦྱར་ཚིག་མཛོད་སོགས་འབྲེལ་ཡོད་དེབ་དུད་ཚང་ཚང་མར་སྤྲད་པ། གད་སྙིགས་རིགས་དབྱེ་ཡག་པོ་བྱས་ཏེ། གད་སྙིགས་བླུགས་སྒམ་སྤྲད་པ་དང་། གད་སྙིགས་བརྗེ་སྒྱུར་གྱི་སྒོ་རྩིས་ཚོང་ཁང་བཙུགས་པ་སོགས་བྱས་ནས་ལྗང་མདོག་གི་བྱ་སྤྱོད་བརྟན་དུ་བཏང་བ། “མཁོ་ཆས་ལེགས་པོ་ལྔ་ཞིང་ཁྱིམ་དུ་འདྲེན་པའི”བོད་ཡིག་གི་གྲོས་འགོའི་ཡི་གེ་800བཟོས་ནས“མཁོ་ཆས་ལེགས་པོ་ལྔ་ཞིང་ཁྱིམ་དུ་འདྲེན་པའི”བྱེད་སྒོ་སྤེལ་བས་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་ཚད་100%ཟིན་ཡོད།
སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་གྲོང་གསེབ་བསྐྲུན་པ། མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་སྟེ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ནས་མང་ཚོགས་ཚོས་གྲོང་ཚོའི་ཁོར་ཡུག་ལེགས་གཏོང་དང“སྒྱུར་བཀོད་གསུམ་དང་ལེགས་སྒྲིག་གཅིག”གི་ལས་དོན་ནང་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་གྱིས་སྔ་རྗེས་སུ་མི་200ལྷག་ཙམ་དང་འཕྲུལ་ཆས་30ལྷག་ཙམ་བཏང་སྟེ། རང་ཉིད་ཀྱི་ཁང་པའི་རྒྱབ་མདུན་གང་སར་གད་སྙིགས་གང་བྱུང་དུ་དབྱུག་པ་དང་ཨར་སྐྲུན་གང་བྱུང་དུ་བྱེད་པ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་དང་། འགྲིམ་འགྲུལ་དང་། སློབ་གསོ། ཆུ་བེད། རིག་གནས། འཕྲོད་བསྟེན། གློག་ཤུཌ་འགན་ལེན། ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་སོགས་འཐུས་སྒོ་ཚང་དུ་བཏང་སྟེ། འཐུང་ཆུ་དང་། ཞིང་ནང་ཆུ་འདྲེན། གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་སོགས་ཀྱི་གནད་དོན་བཅོས་སྒྲིག་ནུས་ལྡན་བྱས་པ། ཞིང་འབྲོག་པའི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཏེ། ཟླ་རེར་ཁོར་ཡུག་གཙང་སྦྲར་བཅོས་སྒྲིག་ཐེངས་2ནས་3བར་བྱས་པ་དང་ཆུ་ལམ་གྱི་ཁོར་ཡུག་དང་འགྱིག་ཤོག་སོགས་ལ་དམིགས་པའི་བཅོས་སྒྲིག་བྱེད་སྒོ་དུས་བཀག་ལྟར་སྤེལ་བ་བཅས་བྱས་པས། མི་ཚང་མ་ཞུགས་ནས་མཛེས་སྡུག་ལྡན་པའི་མཚོ་སྨད་སྐྲུན་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་གྲོང་ཚོའི་རྩ་འཛུགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་བ། ཞིང་ནང་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་རྩིས་བྱས་ན་ཆུ་ཡུར་6བསྐྲུན་པར་སྤྱིའི་རིང་ཚད་ལ་སྤྱི་ལེ་19ཟིན་པ་དང་། ཞིང་འཕྲུལ་སྒྲིག་ཆས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་བས་གྲོང་ཚོ་ཡོངས་སུ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་4དང་། རྨོ་འདེབས་འཕྲུལ་འཁོར་ཆེ་གྲས་4 ཞིང་སྤྱོད་སོན་འདེབས་འཕྲུལ་འཁོར་161བཅས་ཡོད། ཞིང་པའི་གྲུབ་ཚུལ་ལེགས་སུ་བཏང་སྟེ། ཤེས་ཡོན་ཅན་དང་། རྩལ་ནུས་ཅན། ཆེད་ལས་ཅན་བཅས་ལྡན་པའི་ཞིང་ལས་གཉེར་སྐྱོང་དཔུང་ཁག་གི་ཞིང་པ་50ལྷག་ཙམ་གསོ་སྐྱོང་བྱས་པ། འབྲི་གཡག་གསོ་ཚགས་གསོ་སྤེལ་རྟེན་གཞི་དང་། དུད་སྦྲེལ་འབབ་འཕར་སོ་ཕག་བཟོ་གྲྭ དབང་པོ་སྐྱོན་ཅན་གྱི་ཁྱིམ་ཆས་བཟོ་གྲྭ འབྲུ་རིགས་ལས་སྣོན་བཟོ་གྲྭ་སོགས་དངོས་ཚན་དཔལ་འབྱོར་གཙོ་གནད་འཕེལ་རྒྱས་བཏང་བ། གྲོང་ཚོ་དེ་རང་གི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་བརྟེན་ནས། སྒྲིག་བཀོད་ཆ་ཚང་ལ་ནུས་པ་མང་བའི་སྤྲོ་གསེང་ལྟ་སྐོར་གླིང་དང་གྲོང་གསེབ་ཡུལ་སྐོར་གྱི་ཁྱིམ་ཚང་མགྲོན་ཁང་བསྐྲུན་ནས། མིག་སྔར་གནའ་བོའི་གྲོང་ཚོ་སྲུང་སྐྱོང་དང་བསྐྲུན་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་། ལྷ་མོ་རྒྱུན་འཛིན་རྟེན་གཞི་1བསྐྲུན་པ་མ་ཟད། ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་འགོ་ཡང་ཚུགས་ཤིང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་ཚར་རྗེས་ཀྱི་རིམ་དབྱེ་དང་། ཐུམ་སྒྲིལ། བྲིན་འཚོང་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཏན་འཇགས་ཀྱི་བྲིན་འཚོང་དྲ་བ་བཙུགས་པ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བྲིན་འཚོང་སྦྲེལ་མཐུད་བརྟན་པོ་ཡོང་བར་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་སྒོ་རྩིས་ཚོང་ཁང་དང་། ཞིང་ལས་ཁེ་ལས། ཞིང་ཞོར་ཁྲོམ་ར་བཅས་སྦྲེལ་མཐུད་ཐེངས་100ལྷག་ཙམ་བྱས་ཏེ། ཞིང་ལས་ཐོན་རྫས་བྲིན་འཚོང་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱས་ཡོད། མིག་སྔའི་བར་ཚོང་འདུས་སྣ་ཚོགས་ཐེངས་14གཉེར་བ་རེད།