འདི་ནི་བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་གི་དྲན་གསོ་ཁང་ཡིན་པ།
སྐབས་དེར་ཤར་རླུང་འུར་འུར་དུ་ལྡང་བ་དང་། དར་དམར་ལྷབ་ལྷུབ་ཏུ་གཡོ་བ། དམག་དུང་གི་སྒྲ་ལྷང་ལྷང་དུ་གྲགས་བཞིན་དགའ་སྐྱེལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད།
སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་ཚོས་རྟ་ཕོ་ལྕག་གིས་བསྐུལ་ནས་རྔམ་བརྗིད་ལྡན་པའི་དམག་གླུ་ལེན་བཞིན་རལ་གྲི་རྣོན་པོ་ཞིག་ལྟར་ཁུ་ནུ་རི་བོའི་ཕྱོགས་སུ་ཞུམ་མེད་མདུན་སྐྱོད་བྱས།
གནམ་ས་འགུལ་བའི་དགའ་འབོད་ཁྲོད་ལི་ཏི་སན་གྱིས་སྔོན་སྐྱོད་ལེན་ཤོག་གི་སྣེ་ཁྲིད་དེ་མངའ་རིས་སུ་དཔུང་སྐྱོད་བྱེད་པའི་ལམ་དུ་ཆས།
—— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།
2019ལོའི་ཟླ་10ཚེས་1ཉིན་འཚོགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག རྔམ་བརྗིད་ལྡན་པའི《ངར་ལྕགས་ཀྱི་བཞུར་རྒྱུན་འདྲ་བའི་མདུན་སྐྱོད་གླུ་གཞས》དང་བསྟུན་ནས་གཟི་བརྗིད་ལྡན་པའི་དར་ཆ་100འཁྱེར་བའི་དམག་དར་རུ་སྟར་གྲུ་བཞི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་སྐབས་དམག་གཟིགས་ཆེ་མོའི་བཀྲག་མདངས་འཚེར་སར་གྱུར།
དེའི་ནང་ཤིན་ཅང་དམག་ཁུལ་ཁང་རང་ཚུགས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་དང་པོའི་ལེན་ཤོག་དང་པོར་སྤྲད་པའི“བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག”གི་དར་ཆ་ཞིག་ཀྱང་ཡོད་པ་དེ་ད་ཆ་ཤིན་ཅང་ལྷོ་རྒྱུད་དམག་ཁུལ་ཁང་གི་མཉམ་སྡེབ་ཐོན་ཤོག་ཅིག་གི་ལེན་ཤོག་དང་པོའི་བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་གི་དྲན་གསོ་ཁང་དུ་བཞག་པ་དེའི་ཐོག་ནས་ལེན་ཤོག་དེའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གསར་བརྗེའི་ཁྲག་རྒྱུན་མངོན་གྱི་ཡོད། ཤིན་ཅང་ལྷོ་རྒྱུད་དམག་ཁུལ་ཁང་གི་མཉམ་སྡེབ་ཐོན་ཤོག་ཅིག་གི་ལེན་ཤོག་དང་པོ་ནི་དེ་སྔའི་བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་ཅིག་རེད།
བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་གི་དྲན་གསོ་ཁང་གིས་ཞིབ་ཅིང་ཕྲ་བའི་ཡི་གེ་དང་། པར་རིས། དངོས་རྫས་བཅས་ལས་བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་ཕུ་ལུ་གྲོང་ཚོ་ནས་ཐོན་ཏེ་གྲ་མ་མང་པོར་བཅའ་སྡོད་བྱས་པ་དང་། དེ་ནས་སྒར་ཐོག་བཅིངས་འགྲོལ་བཏང་བའི་བར་གྱི་རླབས་ཆེན་ལོ་རྒྱུས་ཆ་ཚང་བཀོད་ཡོད། བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་གི་དྲན་གསོ་ཁང་གཞན་དང་མི་འདྲ་བར་དེ་གར་དཔུང་སྡེ་དེར་ཉེ་བའི་ལོ་ཤས་རིང་ཐོབ་པའི་གཟི་བརྗིད་མཚན་སྙན་གཙོ་བོ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་བཀོད་ཡོད་ཅིང་། དྲན་གསོ་ཁང་གི་དབུས་སུ་ལི་ཏི་སན་གྱི་འཇིམ་བརྙན་བཀལ་བའི་གྱང་ངོས་སུ་ལེན་ཤོག་ལ་ཐོབ་པའི་གཟེངས་བསྟོད་ལག་ཁྱེར་སྣ་ཚོགས་སྦྱར་འདུག
“ལོ་ངོ་70ཡི་རིང་། ང་ཚོའི་ལེན་ཤོག་གིས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ས་བོན་ལ་བརྟེན་ནས་ལྷག་བསམ་རྣམ་པར་དག་པའི་བླ་སྲོག་བརྟན་དུ་གཏོང་བ་དང་། དངོས་འཐབ་སྦྱོང་བརྡར་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་འགན་ལ་བརྟེན་ནས་ངར་ཤུགས་འཕེལ་བ། ལས་གནས་ལ་བརྟེན་ནས་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་མཐའ་འཁྱོངས་བྱས་ནས‘ཏང་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། མཉམ་སྡེབ་ལ་འགན་འཁུར་བ། མི་སྒེར་ལ་འགན་འཁུར་བ’བཅས་ཀྱི་སྔོན་སྐྱོད་ལེན་ཤོག་གི་ཕུགས་བསམ་རྒྱུན་འཛིན་བྱས་ཏེ་མཐའ་མཚམས་འཛུགས་སྐྲུན་དང་། མཐའ་མཚམས་བརྟན་སྲུང་། དམག་འཐབ་ནང་སྦྱོང་བཅས་བྱེད་རིང་བྱས་རྗེས་གསར་པ་ཡང་ནས་ཡང་དུ་བཞག་ཡོད། དེའི་དབང་གིས་གཞི་ནས་གྱང་ངོས་སུ་བཀལ་བའི་གཟེངས་བསྟོད་བྱ་དགའ་དག་རག་ཡོད”ཅེས་ཤིན་ཅང་ལྷོ་རྒྱུད་དམག་ཁུལ་ཁང་གི་མཉམ་སྡེབ་ཐོན་ཤོག་ཅིག་གི་ལེན་ཤོག་དང་པོའི་འཐབ་འཛིང་པ། དྲན་གསོ་ཁང་གི་འགྲེལ་བཤད་པ་དབྱང་ཧའོ་ཡུས་ཀྱིས་སྤོབས་སེམས་ཆེན་པོས་གསར་འགོད་པར་བཤད་བྱུང་།
“མི་དམངས་ཀྱི་བྱས་པ་ཅན”ལི་ཏི་སན་དང་། “དམིགས་བསལ་གྱི་འཐབ་འཛིང་དཔའ་བོ”ཕེང་ཆིང་ཡུན་སོགས་དཔའ་བོ་མང་པོ་ཐོན་པའི་ལེན་ཤོག་དེར་སྔ་རྗེས་སུ་བྱས་རྗེས་རིམ་པ་དང་པོ་ཐེངས་4དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་7 བྱས་རྗེས་རིམ་པ་གསུམ་པ་ཐེངས་14བཅས་བཞག་པ་དང་། “གཞི་རིམ་འཛུགས་སྐྱོང་གི་དཔེ་དམག་ཚན་པར”ཐེངས་27བདམས་པ། ལོ་19བསྟུད་མར“དམག་དོན་སྦྱོང་བརྡར་གྱི་རིམ་པ་དང་པོའི་ལེན་ཤོག”ལ་བདམས་པ། ལས་ཀའི་ཉམས་མྱོང་ཁག་13གོང་རིམ་གྱིས་ཁྱབ་གདལ་བཏང་བ། མི་ཐེངས་11ལ་དམག་ཡོངས་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ་པ། ཕྱི་རྒྱལ་དུ་དམག་དོན་ནང་སྦྱོང་དང་། འཇིགས་རྒོལ་གཏུམ་གནོན། བཀག་སྡོམ་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་། དམག་དོན་ནང་སྦྱོང་། དྲག་རྩལ་འགྲན་བསྡུར། ཉེན་སེལ་རྒུད་སྐྱོབ། རྒྱལ་སྲུང་ཨར་ལས་སོགས་ཀྱི་ལས་འགན་གལ་ཆེན་ཐེངས་28ཙམ་བདེ་བླག་ངང་ལེགས་སྒྲུབ་བྱས་པས། དམག་ཡོངས་ཀྱིས“ལས་བྱེད་པའི་ལྟ་སྦྱོང་སྦྱོང་བརྡར”རྟེན་གཞི་ཁག་དང་པོར་གཏན་འཁེལ་བྱས་པ་རེད།
བགྲང་བྱ་70ཡི་ལོ་ཟླ་རིམ་བཞིན་འདས་ནས་དཔའ་བོ་རྒན་གྲས་རྣམས་ཞལ་གྱེས་ཞུས་ཟིན། བགྲང་བྱ་70ཡི་རིང་སྙིང་སྟོབས་མི་ཉམས་པར་དཔའ་བོ་གསར་པ་འཚར་ལོངས་ཡོང་བཞིན་མཆིས།
དམག་དཔུང་ནང་ཞུགས་ནས་ལོ་5སོང་བའི་པན་ཀྲང་ལི་པིན་གྱིས། བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་གི་དྲན་གསོ་ཁང་དུ་ལྟ་སྐོར་དང་ལེན་ཤོག་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་ནི་ལེན་ཤོག་གི་འཐབ་འཛིང་པ་གསར་པ་ཚོའི་ངེས་སྦྱོང་སློབ་ཚན་དུ་གྱུར་ཡོད། དམག་དཔུང་ནང་ཞུགས་པའི་ཉིན་དང་པོ་ནས་བཟུང་ཚང་མས་མཉམ་སྡེབ་ཀྱི་གཟི་བརྗིད་ཚོར་སེམས་ཟབ་མོ་སྐྱེད་སྲིང་བྱས་ཏེ་རང་རྟོགས་ངང“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”མཛུབ་ཁྲིད་དུ་བྱེད་པ་དང་། དེ་རྒྱུན་གཏན་གྱི་སློབ་སྦྱོང་དང་སྦྱོང་བརྡར་ཁྲོད་མཉམ་འདྲེས་བྱས་པ་དང་ཆབས་ཅིག ལེན་ཤོག་ཡོངས་ཀྱི་མི་རེས་ཆ་སྙོམས་ཉུང་མཐར་ཡང་བོད་སྐྱོད་སྔོན་སྐྱོད་དཔའ་བོའི་ལེན་ཤོག་སྐོར་གྱི་དེབ་2ཡན་བཀླགས་མྱོང་ཡོད་པས“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”དེ་དམག་ཧྲག་དེས་རྒྱལ་ཁ་ལེན་ཐུབ་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་མཆོག་ནོར་ལྟ་བུར་གྱུར་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
སྙན་སྒྲོན་ལ་དགའ་བའི་འཐབ་འཛིང་པ་ཝང་མིང་ཅན་གྱིས་སྤྱི་སྐད་སྒྲ་དག་པོ་ཞིག་ཤོད་ཀྱི་ཡོད། ཁོང་ནི་ལེན་ཤོག་གི་རིག་རྩལ་རྐང་འཛིན་པ་ཞིག་རེད། ཁོང་གིས་ལི་ཏི་སན་སྐུ་མ་གཤེགས་གོང་འཐབ་གྲོགས་ལ་མངགས་བཅོལ་བྱས་པའི་ལྗོངས་རྣམ་གྱི་གཏམ་བརྗོད་ཟློས་གར《མཐའ་མའི་ཀྲི་པུའུ་ཨུ་ལྷན》ཞེས་པ་རྩོམ་སྒྲིག་དང་འཁྲབ་སྟོན་བྱས་པ་མ་ཟད། ན་ནིང་གི་ཟླ་8ཚེས་1ཉིན་འཚོགས་པའི་སྔོན་སྐྱོད་ལེན་ཤོག་དཔུང་སྐྱོད་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་ཐོག་འཁྲབ་སྟོན་བྱས་ཏེ་སྔོན་བྱོན་པར་དྲན་གསོ་དང་རྗེས་རབས་པར་ལྕག་སྐུལ་བྱས་པ་རེད།