འདི་ནི་དབུས་བྱང་གྲོང་ཚོ་ཡིན་པ།
ཟླ་དགུ་པའི་ཟླ་མཇུག་ཏུ། ང་ཚོ་དཔུང་སྣོན་ལེན་ཤོག་དང་སྔོན་སྐྱོད་ཡན་ལག་རུ་ཁག་གིས་རུ་ཐོག་རྫོང་བར་ཇག་པ་རྗེས་འདེད་བཏང་། ཨན་ཀྲི་མིང་གིས་ཀྱང་ལེན་ཤོག་2ཁྲིད་དེ་སླེབས། ང་ཚོས་མཚན་མོ་དེ་རང་དུ་ངོ་ལོག་ཇག་པའི་སྒར་སར་འགྲོ་སྐབས་ཇག་པ་སྔ་ས་ནས་བྲོས་ཚར་འདུག དམག་འཁྲུག་གི་རྗེས་སུ་ང་ཚོས་རྔ་མོང་105ལས་གྲུབ་པའི་སྐྱེལ་འདྲེན་རུ་ཁག་ཅིག་བཙུགས་ནས་མངའ་རིས་ཀྱི་དམག་དཔུང་ལ་རོགས་སྐྱོར་བྱས་པ་ཡིན།
—— 《ཧི་མ་ལ་ཡའི་མཛད་རྗེས་རྡོ་རིང》ལས་བཏུས།
རླབས་ཕྲེང་སྐྱ་ཆིལ་ཆིལ་དུ་འཕྱུར་བའི་མཚོ་མོ་ངང་ལྷ་རིང་མོའི་ངོགས་སུ་ཡུལ་ལྗོངས་ལྟ་ན་སྡུག་ལ་ཞི་མཐུན་ཤེས་དཔལ་ལྡན་པའི་རུ་ཐོག་རྫོང་རྡོ་དམར་ཤང་དབུས་བྱང་གྲོང་ཚོ་ཆགས་ཡོད། ང་ཚོའི“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་དབུས་བྱང་གྲོང་ཚོར་འབྱོར་སྐབས། གསར་འགོད་པས་དབུས་བྱང་གྲོང་ཚོའི་མང་ཚོགས་ཚོས་མེས་རྒྱལ་གྱི་འབོད་སྐུལ་དང་ལེན་ཞུས་ནས་རྒྱལ་སྲུང་འཛུགས་སྐྲུན་ནང་ཞུགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཐོས་བྱུང་།
སྣེ་ཤན་པ་ཐེངས་གསུམ་བྱས་ནས་ཁུ་ནུ་རི་བོ་བརྒལ་བ།
བསྟན་འཛིན་རྒྱ་མཚོ་དུས་རབས་གོང་མའི་ལོ་རབས་70པར་ཚེ་ལས་འདས། ཁོང་གི་གཏམ་རྒྱུད་དེ་ལོ་60ལ་སླེབས་པའི་དེ་སྔའི་དབུས་བྱང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ལྷུན་དཔལ་གྱིས་གསར་འགོད་པར་བཤད་བྱུང་།
“བསྟན་འཛིན་རྒྱ་མཚོ་ནི་དབུས་བྱང་གྲོང་ཚོའི་གྲོང་མི་ཞིག་ཡིན། ངའི་ཨ་ཕ་དང་ཁོང་འཆམ་པོ་ཡོད། ཆུང་དུས་ཨ་ཕས་བསྟན་འཛིན་རྒྱ་མཚོས་དཔུང་སྡེའི་སྣེ་ཤན་པ་ཐེངས་གསུམ་བྱས་ཏེ་ཁུ་ནུ་རི་བོ་བརྒལ་བའི་གཏམ་རྒྱུད་གསུང་མྱོང་ཡོད”ཅེས་སྐལ་བཟང་ལྷུན་དཔལ་གྱིས་བཤད།
སྔོན་སྐྱོད་ལེན་ཤོག་མངའ་རིས་སུ་དཔུང་སྐྱོད་བྱེད་པའི་ལམ་ཧ་ཅང་ཉེན་ཁ་ཆེ་བའི་རྐྱེན་གྱིས། 1951ལོའི་སྟོན་ཀར་མངའ་རིས་ཞི་བས་བཅིངས་འགྲོལ་བཏང་ནས་ཡུན་རིང་མ་སོང་བར་མངའ་རིས་རྟ་དམག་ཉིང་ལག་རུ་ཁག་གིས་མྱུལ་ཞིབ་དཔུང་སྡེ་མངགས་ནས། ཤིན་ཅང་གི་ཆུ་ཤིང་འོམ་བུའི་ཐང་ནས་སྒར་ཐོག་བར་གྱི་རྔ་མོང་སྐྱེལ་འདྲེན་རུ་ཁག་གི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱ་རྩིས་བྱས།
བརྗིད་ཆགས་འགྱིང་ངེར་གནས་པའི་ཁུ་ནུ་རི་བོ་ནས་ལམ་གསར་པ་ཞིག་འཚོལ་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན། སྐབས་དེ་དུས་དཔུང་སྡེ་དབུས་བྱང་གྲོང་ཚོར་ཡོང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་རོགས་རམ་ཐོབ་ཐབས་བྱས། བསྟན་འཛིན་རྒྱ་མཚོ་དེ་སྔ་བོད་དང་ཤིན་ཅང་དབར་ཐེངས་མང་འགྲོ་མྱོང་ཡོད་པ་ཤེས་འཕྲལ་ཁོང་སྣེ་ཤན་པར་གདན་དྲངས་ནས་དཔུང་སྡེ་དང་མཉམ་དུ་ལམ་འཚོལ་བར་བསྐྱོད།
1952ལོར་ཤིན་བོད་གཞུང་ལམ་སྐྲུན་འགོ་ཚུགས་པ་དང་དཔུང་སྡེས་གྲོགས་པོ་རྙིང་པ་བསྟན་འཛིན་རྒྱ་མཚོ་སླར་ཡང་ལམ་འཚོལ་བར་གདན་དྲངས། ད་ཐེངས་ཁོང་གིས་སླར་ཡང་དཔུང་སྡེའི་སྣེ་ཁྲིད་དེ་རུ་ཐོག་རྫོང་ནས་ཆུ་ཤིང་འོམ་བུའི་ཐང་བར་གྱི་ལམ་བུ་གསར་པ་ཞིག་གསར་རྙེད་བྱུང་བ་དང་། 1957ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་ཤིན་བོད་གཞུང་ལམ་ནི་སྤྱིར་ན་ལམ་ཐིག་འདིར་གཞིགས་ནས་བསྐྲུན་པ་ཞིག་རེད། ས་བབ་མཐོ་ཤོས་དང་ཁོར་ཡུག་སྡུག་ཤོས་ཀྱི་ས་མཐོའི་གཞུང་ལམ་དེ་མེས་རྒྱལ་གྱི་མཐའ་མཚམས་བདེ་འཇགས་དང་ཤིན་བོད་ས་གནས་གཉིས་ཀྱི་དཔལ་འབྱོར་འཛུགས་སྐྲུན་འགན་ལེན་བྱེད་པའི་ལམ་བུ་གལ་ཆེན་ལ་གྱུར་ཡོད། ད་ཆ་ཡང་སྔར་བཞིན་བོད་དང་ཤིན་ཅང་དབར་འགྲོ་འོང་བྱེད་པའི་ལམ་བུ་འབའ་ཞིག་དེ་རེད།
དུས་རབས་གོང་མའི་ལོ་རབས་60པར་ཐིག་ལེན་རིས་འབྲིའི་དཔུང་སྡེས་དབུས་བྱང་གྲོང་ཚོར་ཤིན་ཅང་དང་བོད་ལྗོངས་ས་གནས་གཉིས་ཀྱི་ས་མཚམས་ཐིག་ལེན་བྱས་པ་དང་། བསྟན་འཛིན་རྒྱ་མཚོས་སླར་ཡང་དཔུང་སྡེ་དང་མཉམ་དུ་ཁུ་ནུ་རི་བོར་བསྐྱོད།
རྔ་མོང་སྐྱེལ་འདྲེན་རུ་ཁག་གི་ལམ་བུ་ནས་ཤིན་བོད་གཞུང་ལམ་བར་དང་། དེ་ནས་ས་མཚམས་ཐིག་ལེན་རིས་འབྲི་བྱེད་པའི་བར་བསྟན་འཛིན་རྒྱ་མཚོས་སྣེ་ཤན་པའི་ལས་འགན་ཐེངས་གསུམ་ཁུར་ནས། འབྲོག་པ་མང་ཚོགས་དཀྱུས་མ་ཞིག་གི་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་བསམ་པ་མཚོན་པར་བྱས་ཡོད།
མེས་རྒྱལ་གྱི་མཐའ་མཚམས་སྲུང་བ།
དབུས་པ་ཕུན་ཚོགས་རྣམ་རྒྱལ་ཁྱིམ་གྱི་མི་རབས་ལྔ་ཚང་མ་དབུས་བྱང་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད། མི་རབས་དང་པོ་དེ་གར་གཞིས་ཆགས་པ་ནས་མི་རབས་བཞི་པས་ཚན་རྩལ་འཐབ་ཕྱོགས་ཐད་བྱས་རྗེས་ཆེན་པོ་བཞག་པའི་བར། ས་གནས་དེ་གར་ཚན་རྩལ་ཆེད་མངགས་པ་བཀོད་སྒྲིག་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་རོགས་བྱས་པ་དང་། དེ་ནས་ད་ཆ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་མངའ་རིས་ནས་ཐོན་པའི་མི་རབས་ལྔ་པས་འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་མ་བསྡད་པར་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་ཀྱི་ཡོད། མི་རབས་ཁ་ཤས་ཀྱིས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་ལས་འགན་དེ་མ་སྐུལ་དང་བླངས་ངང་སྒྲུབ་བཞིན་ཡོད།
ལོ་ཞིག་གི་དགུན་ཁར་མཐའ་སྲུང་ལེན་ཤོག་གིས་ལུག་ཁྱུ་དར་ཁ་འགྲིག་པའི་མཚོ་མོ་ངང་ལྷའི་ལྷོ་ངོགས་ནས་བྱང་ངོགས་སུ་འདེད་སྐབས། གནམ་གཤིས་གྲང་ངར་ཆེ་བས་ལུག་མང་ཆེ་བ་འཁྱགས་པའི་ཐོག་འདྲེད་བརྡར་ཤོར་ནས་ལུས་ཏེ། འཁྱགས་ཤི་ཐེབས་ལ་ཁད་དུ་གྱུར། དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་གནས་ཚུལ་དེ་ཤེས་འཕྲལ་དཔུང་སྡེར་ལུག་ཁྱུ་གཙང་འགྲམ་དུ་འདེད་རོགས་བྱས། དེ་རྗེས་ཁོང་གིས་རང་འགུལ་ངང་ལུག་དེ་དག་རང་ཁྱིམ་གྱི་ལུག་ཁྱུ་དང་མཉམ་དུ་བསྲེས་ནས་མ་སྐུལ་དང་བླངས་ངང་དམག་དཔུང་གི་ར་ལུག་དཔྱིད་དུས་བར་འཚོ་རོགས་བྱས།
ཕྱིས་སུ་མཐའ་མཚམས་ཀྱི་འཁྲུག་རྩོད་ཞིག་བྱུང་ཡོད། མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་སྐབས་དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཁྱིམ་གྱི་ར་ལུག་170ལྷག་ཙམ་དང་དེ་བཞིན་འབྲུ་རིགས་དང་། ཇ། མར། རྩམ་པ་བཅས་དམག་དཔུང་ལ་ཞལ་འདེབས་བརྒྱབ་པ་མ་ཟད། འབྲི་གཡག་མགོ་གྲངས་90བདམས་ནས་བཟའ་མི་བུ་ཕྲུག་དང་ཕ་མ་བཞག་ནས་གྲོང་ཚོའི་གཞོན་ནུ་20ལྷག་ཙམ་ཁྲིད་དེ་རྒྱལ་ཁ་མ་ཐོབ་བར་གྱི་ཟླ་བ་གཉིས་རིང་སྒྱོགས་མདེལ་ལ་མ་འཛེམས་པར་སྤྱི་ལེ་100ལྷག་ཙམ་གྱི་སྐྱེལ་འདྲེན་ལམ་ཐིག་ཏུ་ནུས་ཤུགས་ཡོད་རྒུས་དཔུང་སྡེར་དམག་རྒྱགས་དང་རྟ་ཆག་སྐྱེལ་རོགས་བྱས་པ་རེད།
1984ལོར་དབུས་པ་ཕུན་ཚོགས་རྣམ་རྒྱལ་རུ་ཐོག་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་དང་2008ལོར་གྲོངས། ཁོང་གྲོངས་དུས་ལོ་79རེད།
དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།
དབུས་བྱང་གྲོང་ཚོའི་སྐལ་བཟང་ལྷུན་དཔལ་གྱིས་གཙོས་པའི་ལས་བྱེད་པ་དང་མང་ཚོགས་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མངའ་རིས་ས་ཁུལ་གྱི“དམག་བཀུར་དམངས་གཅེས་ཀྱི་གྲོང་ཚོ་དང་པོ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དམག་གིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་ཀྱི་གཏམ་བཟང་མུ་མཐུད་བརྩམས་ཡོད།
1980ལོར་ལོ་19ལ་སླེབས་པའི་སྐལ་བཟང་ལྷུན་དཔལ་གྱིས་རྒན་རབས་དཔའ་བོ་ཚོའི་གཏམ་རྒྱུད་ཀྱི་ཤུགས་རྐྱེན་འོག ཡུལ་དམག་རྩ་འཛུགས་ནང་ཞུགས་ནས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བ་དང་སྐོར་གཡེང་བྱེད་པའི་འགན་འཁྲི་ཁུར་ཡོད། ཁོང་གིས་ལོ་12རིང་འགན་འཁྲི་གཙང་སྒྲུབ་བྱས་ཡོད། དེའི་རིང་ལས་ཀ་ཡག་པོ་བྱེད་པའི་དབང་གིས་ཁོང་ཡུལ་དམག་གི་ཕའེ་ཀྲང་ལ་གནས་སྤོར་བྱས་པ་དང་འབྲེལ། བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་བཞག་ཡོད།
སྐལ་བཟང་ལྷུན་དཔལ་གྱིས་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད། ཉེ་བའི་ལོ་ཤས་རིང་། དབུས་བྱང་གྲོང་ཚོས་སྔ་རྗེས་སུ་གྲོང་ཚོ་ཨུ་ལྷན་གྱི་རྒྱལ་སྲུང་གཉིས་བཀུར་སློབ་གསོའི་གཡུལ་ས་བཏོད་དེ་དུས་ཚིགས་རེར་རྒྱལ་སྲུང་སློབ་གསོ་དང་གཉིས་བཀུར་སློབ་གསོ་ཐེངས་རེ་སྤེལ་བ་དང་། དམག་དམངས་མཉམ་སྐྲུན་གྱི་རིག་གནས་ས་ཚིགས་དང་མཉམ་སྐྲུན་ནགས་ར་བསྐྲུན་ཡོད། “བདུན་གཅིག”དང“བརྒྱད་གཅིག”སོགས་གལ་ཆེའི་མཚམས་ཚིགས་སུ་བཅའ་སྡོད་དཔུང་སྡེ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་བཟོ་དང་། དམག་དམངས་མཉམ་སྤྲོའི་བྱེད་སྒོ། གླུ་གར་འགྲན་བསྡུར། “སྐད་གཉིས”སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། དེ་དང་ཆབས་ཅིག་བཅའ་སྡོད་དཔུང་སྡེས་ཀྱང་མང་ཚོགས་ལ་དུས་ངེས་མེད་ངང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་དང་། 2020ལོ་ཁོ་ནར་སྨན་བཅོས་ཞབས་ཞུ་ཐེངས་8བྱས་ཏེ་དུད་ཚང་87གྱི་མང་ཚོགས་537ལ་ཞབས་འདེགས་ཞུས་ནས་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་ཏུ་བཏང་ཡོད་ལ། དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་རྨང་གཞི་ཡང་བརྟན་དུ་བཏང་ཡོད།
“ད་ཆ་མི་སེར་ཚོས་ཉེན་ཁར་མ་འཛེམས་པར་དཔུང་སྡེར་རོགས་སྐྱོར་བྱེད་པར་འགྲོ་དགོས་ཀྱི་མེད། འོན་ཀྱང་ང་ཚོའི་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་བསམ་བློར་ཐོག་མཐའ་བར་གསུམ་དུ་འགྱུར་བ་སྤུ་ཙམ་ཡང་མེད”ཅེས་སྐལ་བཟང་ལྷུན་དཔལ་གྱིས་བཤད་པ་རེད།