དབུ་ཤོག>ཆེད་སྒྲིག
  • 1951ལོར་འབྲོག་པ་ནོར་རྒྱས་ཀྱིས་རང་འགུལ་ངང་བཅིངས་འགྲོལ་དམག་ལ་ལམ་སྣེ་ཁྲིད་པ་དང་། འཕྲིན་ཡིག་སྐྱེལ་བ། དངོས་ཟོག་སྐྱེལ་བ་བཅས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-14

    2019ལོའི་ཟླ་11པར། དགུན་དུས་ཀྱི་སྙན་རོང་རྫོང་དུ་གྲང་རླུང་འུར་འུར་དུ་ལྡང་། 《ཁྱིམ་ཚང་གཅིག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས》ཞེས་པའི་སྙན་ཞུ་ཞིག་སྙན་རོང་རྫོང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཅུས་ཀྱི་གཞུང་ལས་ཁང་དུ་འབྱོར།

    དེ་ནི་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་རིང་ཐོན་པའི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་ཅིག་ཡིན་པ་སྟེ། 1951ལོའི་ཟླ་10པར། དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་གདང་ལ་བརྒལ་ནས་སྙན་རོང་རྫོང་ཁོངས་སུ་ཡོང་སྐབས། བོད་བྱང་ཐང་གི་འབྲོག་པ་ནོར་རྒྱས་ཀྱིས་རང་འགུལ་ངང་བཅིངས་འགྲོལ་དམག་གི་དཔུང་སྡེར་ཞུགས་ནས་ལམ་སྣེ་ཁྲིད་པ་དང་། འཕྲིན་ཡིག་སྐྱེལ་བ། དངོས་ཟོག་སྐྱེལ་བ་བཅས་བྱས་པ་དེ་རེད།

    ཞིབ་ཕྲ་ལྟ་ཁོམ་མ་བྱུང་བར། ལས་དོན་མི་སྣ་རྣམ་སྒྲོན་སྒྲོལ་དཀར་གྱིས་ཅུས་ཀྲང་གཞུང་ལས་ཁང་དུ་ཡོང་ནས་སེམས་འགུལ་ཐེབས་བཞིན་དུ་འབྲེལ་ཡོད་གནས་ཚུལ་བརྗོད། དེ་ནས་ཆེད་མངགས་ཀྱི་ལས་དོན་ཚོགས་ཆུང་ཞིག་ཤག་ཆུ་ཤང་ཉག་མང་གྲོང་ཚོའི་མཚོ་དགའི་ཁྱིམ་དུ་ཡོང་ནས། མཐའ་མཚམས་མང་ཚོགས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཐོན།

    “ང་རང་བཅིངས་འགྲོལ་དམག་མི་དང་མཉམ་དུ་འགྲོ་འདོད་འདུག”

    “བཅིངས་འགྲོལ་དམག་མི་ནི་མི་བཟང་པོ་ཤ་སྟག་ཡིན་པ་དང་། བཅིངས་འགྲོལ་དམག་མི་ཡག་པོ་འདུག བཅིངས་འགྲོལ་དམག་མིས་ཆེད་མངགས་ང་ཚོ་ཉམ་ཐག་པ་ཚོར་རོགས་རམ་གནང་གི་འདུག”ཅེས་ནོར་རྒྱས་ཀྱི་བུ་མོ་མཚོ་དགའ་ཡིས་གསར་འགོད་པར་དེ་ནི་པཱ་ལགས་ཀྱིས་རྟག་ཏུ་གསུངས་པའི་བཀའ་མོལ་ཞིག་རེད་ཅེས་བརྗོད།

    ཞི་བས་བཅིངས་འགྲོལ་བཏང་བ་དེས་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཞིག་བཏོད་ཡོད། འོན་ཀྱང་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་སྙན་རོང་རྫོང་ལ་བོད་དམག་སོགས་ལོག་སྤྱོད་ཕྱོགས་གཏོགས་ཀྱི་དྲིལ་བསྒྲགས་འཇིགས་སྐུལ་ཕོག་པས་འབྲོག་པ་མང་ཚོགས་ཚོས་མཐོང་མ་མྱོང་བའི་བཅིངས་འགྲོལ་དམག་ལ་ཡོངས་ཁྱབ་ངང་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད། དང་ཐོག་ནོར་རྒྱས་ཀྱང་མི་གཞན་དང་འདྲ་བར་བཅིངས་འགྲོལ་དམག་མི་ཡོང་གི་ཡོད་པ་ཐོས་སྐབས་སྐྲག་སྣང་ཆེན་པོ་སྐྱེས།

    “སྐབས་དེ་དུས་བོད་དམག་གིས་གང་སར་དཀྲོག་གཏམ་བཟོས་ནས་མི་ལ་མགོ་སྐོར་བཏང་སྟེ་བཅིངས་འགྲོལ་དམག་མིས་མི་བསད་རྟ་ཁྱེར་བྱེད་ཀྱི་ཡོད་པའི་དཀྲོག་གཏམ་བཟོ་གི་ཡོད” སེམས་ནང་དངངས་སྐྲག་ཆེན་པོ་ཡོད་མོད། འོན་ཀྱང་གདོང་གཏན་ནས་མཐོང་མྱོང་མེད་པའི་དཔུང་སྡེ་དེར་ནོར་རྒྱས་ཡ་མཚན་ཆེན་པོ་སྐྱེས།

    ནོར་རྒྱས་ཀྱིས་དཔུང་སྡེ་དེ་བོད་དམག་དང་གཏན་ནས་འདྲ་ཡི་མེད་པ་དང་། ཁོང་ཚོས་བཟའ་འཁྱེར་བཀག་ལེན་དང་མི་སེར་ལ་འཕྲོག་བཅོམ་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་མང་ཚོགས་ལ་སྨན་སྟེར་བ་དང་སྨན་བཅོས་བྱས་ནས་སོ་སོའི་གཉེན་ཉེ་ལྟར་གྱི་ལྟ་སྟངས་འཛིན་གྱི་ཡོད་པ་ཤེས།

    བཅིངས་འགྲོལ་དམག་ལ་རིམ་བཞིན་བློ་ཁ་ཕྱོགས་པའི་ནོར་རྒྱས་ཀྱིས་རང་འགུལ་ངང་བཅིངས་འགྲོལ་དམག་གི་སྒར་སར་རྟ་འཚོ་རོགས་བྱེད་པར་ཡོང་། འཐབ་འཛིང་པ་ཚོས་སྐད་སྒྱུར་བརྒྱུད་ནོར་རྒྱས་ལ་ཏང་གི་མི་རིགས་སྲིད་ཇུས་བཤད་པ་དང་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་མཛེས་སྡུག་ལྡན་ལ་རེ་བས་ཁེངས་པའི་སྤྱི་ཚོགས་གསར་པ་ངོ་སྤྲོད་བྱས་པས་ནོར་རྒྱས་ལ་རེ་བས་ཁེངས།

    ཁྱིམ་དུ་ལོག་རྗེས་ནོར་རྒྱས་ཀྱིས་ནང་མིར“བཅིངས་འགྲོལ་དམག་མི་ནི་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིས་མངགས་པ་ཞིག་རེད། ཁོང་ཚོ་བོད་ལ་བཅིངས་འགྲོལ་གཏོང་བར་ཡོང་བ་ཡིན་པས་དབུལ་ཕོངས་རྣམས་ད་ནས་བཟུང་སྡུག་བསྔལ་མྱོང་དགོས་མེད། རང་ཉིད་བཅིངས་འགྲོལ་དམག་མི་དང་མཉམ་དུ་འགྲོ་འདོད་འདུག”ཅེས་བརྗོད།

    སྐབས་དེ་དུས་ནོར་རྒྱས་ཀྱི་ཨ་ཕ་ཚེ་ལས་འདས་པ་དང་ནང་མི་6གི་ནང་ནས་ངལ་རྩོལ་ནུས་ཤུགས་ལྡན་པ་ནོར་རྒྱས་གཅིག་པུ་ལས་མེད། འོན་ཀྱང་ནོར་རྒྱས་ཀྱི་སྐད་ཆ་ཐོས་སྐབས་ཁོང་གི་ཨ་མས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“བཅིངས་འགྲོལ་དམག་གིས་ཆེད་མངགས་དབུལ་པོ་ཚོར་རོགས་རམ་བྱེད་ཀྱི་ཡོད་པས་བུ་རང་ཁོང་ཚོ་དང་མཉམ་དུ་ཕྱིན་ན་ཆོག ཁོང་ཚོར་ནུས་པས་ལྕོགས་ཚོད་ཀྱིས་ལས་དོན་སྒྲུབ་རོགས་གྱིས་ཨང”ཞེས་བརྗོད།

    ནོར་རྒྱས་ཀྱིས་ལམ་དུ་ཆས་ལ་ཉེ་བའི་དམག་དཔུང་བཙལ་ནས་རང་ཉིད་ཀྱི་ཡོང་དོན་བརྗོད། ནོར་རྒྱས་ཀྱི་སེམས་གཏིང་གི་སྐད་ཆ་ཉན་རྗེས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཞིག་གིས་ཞྭ་མོའི་སྟེང་གི་ཟུར་ལྔའི་སྐར་མ་བཀྲོལ་ནས་ནོར་རྒྱས་ཀྱི་ལག་ཏུ་སྤྲད་དེ“བློ་མཐུན་ནོར་རྒྱས་ལགས། སླད་ཕྱིན་ང་ཚོ་ནི་མཉམ་དུ་དམག་འཐབ་བྱེད་མཁན་གྱི་བློ་མཐུན་རེད”ཅེས་བརྗོད།

    “འདི་ནི་བཅིངས་འགྲོལ་དམག་མིས་ང་ལ་གནང་བའི་དཔང་རྟེན་ཞིག་རེད”

    སྙན་རོང་དང་། ནག་ཆུ། ལྷ་ས། ཉིང་ཁྲི་སོགས་ཀྱི་ལམ་བར་དུ་ནོར་རྒྱས་ཀྱིས་དཔུང་སྡེའི་སྣེ་ཤན་པ་བྱེད་པ་མ་ཟད། འཕྲིན་སྤེལ་བ་ཡང་བྱས་ནས་ཤི་གསོན་གྱི་ཚོད་བགམ་གྲངས་ལས་འདས་པ་ཞིག་བརྒྱུད།

    དུས་ཡུན་རིང་པོའི་ནང་གངས་རི་བརྒལ་བ་དང་གྲང་ངར་ཆེ་བའི་གཙང་པོ་བསྒྲལ་བས། ནོར་རྒྱས་ཀྱི་པུས་མོ་འཁྱགས་སྦོས་ཐེབས་ནས་གུག་གུག་ཏུ་གྱུར། ཐེངས་གཅིག་སྲོག་ཉེན་ལ་མི་འཛེམས་པར་འཕྲིན་ཡིག་སྐྱེལ་བའི་ལམ་བར་དུ་ཁོང་གི་ལག་པར་སྟབས་མ་ལེགས་པར་མདེའུ་ཕོག འོན་ཀྱང་ཁོང་གིས“བཅིངས་འགྲོལ་དམག་ལ་རོགས་རམ་བྱ་རྒྱུ་བྱུང་ན་ང་རང་ཧ་ཅང་དགའ་པོ་འདུག རྨས་སྐྱོན་ཕྲན་བུ་ཕོག་ནའང་སྐྱོན་མི་འདུག”ཅེས་བརྗོད།

    ལོ་གཉིས་སོང་རྗེས་ནོར་རྒྱས་དཔུང་སྡེ་དང་མཉམ་དུ་ཀོང་པོར་འབྱོར་སྐབས་ནང་མིས་བསྐུར་བའི་ཁ་ལན་འབྱོར་རྗེས་གཞི་ནས་ཨ་མར་ནད་གཞི་ལྕི་པོ་ཕོག་པ་ཤེས། ཕ་ཡུལ་དུ་ལོག་ནས་ཨ་མར་ལྟ་རྟོག་བྱ་ཆེད། ནོར་རྒྱས་ཀྱིས་གནས་སའི་དཔུང་སྡེའི་འགན་འཁུར་བར་དགོངས་པ་ཞུས་པ་དང་། ཁ་གྱེས་ཁར་འགན་འཁུར་བས་རྟ་སྒྲོ་ཆ་གཅིག་ཁྱེར་ཡོང་ནས་ནོར་རྒྱས་ལ་སྤྲད་པ་མ་ཟད། “ད་རེས་ཁ་གྱེས་ན་ཕལ་ཆེར་ང་ཚོ་སླར་ཡང་ཐུག་ཁག་པོ་རེད། རྟ་སྒྲོ་ཆ་དེ་ང་ཚོས་ཁྱེད་ལ་སྤྲད་པའི་ལག་རྟགས་ཡིན”ཞེས་བརྗོད། རྟ་སྒྲོ་ཆ་གཅིག་གི་འབྱུང་ལུགས་འབྱུང་སྟངས་སྐོར་བརྗོད་སྐབས། མཚོ་དགའི་མིག་ཟུང་མཆི་མས་བརླན།

    མཚོ་དགའི་དྲན་ཤེས་ནང་ཁྱིམ་དུ་ལོག་རྗེས་ནོར་རྒྱས་ཀྱིས་བཅིངས་འགྲོལ་དམག་གི་རྗེས་སུ་འབྲངས་མྱོང་ཞེས་འུད་ཤོབ་གཏན་ནས་ཤོད་མྱོང་མེད།

    1978ལོའི་དཔྱིད་མཇུག་ཏུ། ནོར་རྒྱས་ལ་ནད་གཞི་ལྕི་པོ་ཕོག་ནས་གྲོངས་ཁར་ཁོང་གིས་རྟ་སྒྲོ་ཆ་གཅིག་དང་ཟུར་ལྔའི་སྐར་མ་བསྒར་བའི་གཟར་ཁུག་ལ་མཛུབ་མོ་བཙུགས་ནས་ནང་མིར“དེ་དག་ཚང་མ་བཅིངས་འགྲོལ་དམག་མིས་ང་ལ་སྤྲད་པའི་དཔང་རྟེན་ཡིན་པས་ངེས་པར་དུ་ཉར་ཚགས་ཡག་པོ་བྱེད་རོགས”ཞེས་མངགས།

    “ང་རང་གིས་གཞི་ནས་པཱ་ལགས་ཀྱི་ཞལ་ཆེམས་བསྒྲུབས་སོང”

    ནོར་རྒྱས་གྲོངས་རྗེས་མཚོ་དགས་དུས་དང་རྣམ་པ་ཀུན་ཏུ་པཱ་ལགས་ཀྱི་ཞལ་ཆེམས་ལྟར་དཔང་རྟེན་དེ་དག་ཉར་ཚགས་ཞིབ་ཚགས་བྱས།

    2019ལོར་ནག་ཆུ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་བརྒྱུད་མཚོ་དགས་ནག་ཆུ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་གསར་བརྗེའི་རིག་དངོས་འཚོལ་བསྡུའི་ལས་དོན་སྤེལ་བཞིན་ཡོད་པ་མ་ཟད། འཚོལ་བསྡུ་ཐུབ་པའི་རིག་དངོས་ནག་ཆུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་ནས། བོད་ཞི་བས་བཅིངས་འགྲོལ་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་རིང་རང་སྲོག་བློས་བཏང་བ་དང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་རྩིས་ཡོད་པ་ཤེས།

    “ངས་པཱ་ལགས་ཀྱིས་བཞག་པའི་དཔང་རྟེན་འདི་དག་སྲིད་གཞུང་ལ་རྩིས་སྤྲོད་ཀྱི་ཡིན”ཞེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ངོ་སྤྲོད་ཉན་རྗེས་མཚོ་དགས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།

    གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་ཤང་གི་ལས་བྱེད་པའི་གཞོགས་འདེགས་འོག《ཁྱིམ་ཚང་གཅིག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས》ཞེས་པའི་སྙན་ཞུ་ཞིག་སྙན་རོང་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ལ་ཕུལ་བ་རེད།

    2020ལོའི་ཟླ་10པར། ཞལ་འདེབས་འབུལ་བའི་མཛད་སྒོ་སྟབས་བདེ་ཞིག་མཚོ་དགའི་ཁྱིམ་དུ་གཉེར་བཞིན་ཡོད་པ་དང་། མཚོ་དགས་སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པས་པཱ་ལགས་ལ་སྤྲད་པའི་དངོས་རྫས་རེ་རེ་བཞིན་ནག་ཆུ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་མི་སྣའི་ལག་ཏུ་སྤྲད་པ་རེད།

    “ང་ཚོས་དངོས་རྫས་དེ་དག་འགྲེམས་སྟོན་ཁང་ནང་བཞག་ནས་འགྲེམས་སྟོན་བྱེད་ཀྱི་ཡིན། གལ་ཏེ་ཉིན་ཞིག་དངོས་རྫས་དེ་དག་ཕྱིར་ལེན་འདོད་ཚེ་ག་དུས་ཡིན་ནའང་ང་ཚོར་འབྲེལ་བ་གནང་རོགས། ང་ཚོས་འཕྲལ་དུ་ཁྱེད་རང་ལ་སྤྲད་ཆོག”ཅེས་ནག་ཆུ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དམག་བཀུར་གཟིགས་སྐྱོང་ཁོའོ་ཡི་ཁོའོ་ཀྲང་བཀྲ་ཤིས་ཀྱིས་མཚོ་དགར་བཤད།

    ད་ཆ་ནག་ཆུའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་འགྲེམས་སྟོན་ཁང་དུ་དམག་སྡེ་བཅོ་བརྒྱད་པས་ནོར་རྒྱས་ལ་སྤྲད་པའི་ཟུར་ལྔའི་སྐར་མ་གཅིག་དང་རྟ་སྒྲོ་ཆ་གཅིག་སོགས་དཔང་རྟེན་འགྲེམས་སྒྲོམ་ནང་བསྒྲིགས་ནས་ལྟད་མོ་བར་ལོ་ངོ་70ཡི་གོང་བཅིངས་འགྲོལ་དམག་དང་བོད་བྱང་ཐང་མི་དམངས་ཀྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། ད་ཆ་ཁོང་ཚེ་ལས་འདས་མོད། འོན་ཀྱང་དཔང་རྟེན་དེ་དག་ལས་གསར་བརྗེའི་མཛའ་སེམས་མཚོན་པ་དང་སྔར་བཞིན་འོད་སྟོང་འཕྲོ་བཞིན་ཡོད། དེ་ནི་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།