དབུ་ཤོག>ཆེད་སྒྲིག
  • “རྒྱལ་གཅེས་དམག་བཀུར་གྱི་དཔེ་བཟང་བ”རྒན་མོ་ལྷ་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-12

    ལྷ་སྐྱིད(1933ལོ་ནས་2012ལོ་བར) བུད་མེད། 1933ལོར་གམ་པ་རྫོང་གྲང་རླུང་ཤང་གནས་གྲོང་ཚོར་སྐྱེས། 2012ལོའི་ཟླ་3པར་ནད་གཞིས་རྐྱེན་པས་གྲོངས། 1997ལོའི་ཟླ་7པར་དམངས་སྲིད་པུའུ་སོགས་ཀྱིས“དམག་བཀུར་ཁྱིམ་སྐྱོང་གི་དཔེ་བཟང་མི་སྒེར”གྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། 2001ལོའི་ཟླ་4པར་བོད་རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གིས“དམག་བཀུར་ཁྱིམ་སྐྱོང་གི་དཔེ་བཟང་མི་སྒེར”གྱི་གཟི་བརྗིད་མཚན་སྙན་སྤྲད་པ། 2003ལོའི་ཟླ་10པར་རྒྱལ་ཡོངས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དམངས་སྲིད་པུའུ་སོགས་ཀྱིས“རྒྱལ་གཅེས་དམག་བཀུར་གྱི་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་སྤྲད་པ། 2003ལོའི་ཟླ་12པར་དམངས་སྲིད་པུའུ་སོགས་ཀྱིས“དམག་བཀུར་དཔེ་བཟང་བའི”གཟི་བརྗིད་མཚན་སྙན་སྤྲད་པ་བཅས་རེད། ད་ཆ་ཁོང་གི་གཏམ་རྒྱུད་གམ་པ་རྫོང་དང་མཐའ་ན་རྒྱལ་ཡོངས་སུ་ཁྱབ་བཞིན་ཡོད།

    1961ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གམ་པ་རྫོང་དུ་བཅའ་སྡོད་བྱས་མ་ཐག ལྷ་སྐྱིད་དང་བཅིངས་འགྲོལ་དམག་དབར་མཛའ་མཐུན་ཟབ་མོ་བྱུང་ཞིང་། དེ་དུས་རྒན་མོ་ལྷ་སྐྱིད་ནི་གཞོན་ནུ་མ་ཞིག་རེད། ཁ་བ་བུ་ཡུག་འཚུབ་པའི་མཚན་མོ་ཞིག་ལ་འཐབ་འཛིང་པ་ཞིག་ས་ཚུགས་སུ་སྡོད་བྱ་བྱེད་སྐབས་གློ་བུར་དུ་འགྱེལ་ནས་རྐང་ལག་འཁུམས་པར་གྱུར། དེའི་འགྲམ་དུ་ཁོང་དང་འདྲ་བའི་འཐབ་འཛིང་པ་ན་གཞོན་ཞིག་ཧང་སངས་ཧོན་ཐོར་ནས་ག་བྱེད་འདི་བྱེད་མེད་པར་གྱུར། འཐབ་འཛིང་པ་ཚོས་སྐད་བཏང་བ་ཐོས་འཕྲལ་ལོ་28ལ་སླེབས་པའི་ལྷ་སྐྱིད་པགས་ཚགས་ཀྱང་གྱོན་ཁོམ་མེད་པར་རྒྱུག་འོང་སྟེ་དྲན་པ་ཐོར་བའི་འཐབ་འཛིང་པ་དེ་སྒལ་པར་ཁུར་ནས་ཁྱིམ་དུ་དབོར། ཁོང་གིས་འཐབ་འཛིང་པ་དེ་ད་དུང་དྲོད་ཡལ་མེད་པའི་མལ་ཆས་ནང་བསྙལ་ནས་འཕྲལ་མར་ཇ་སྲུབས་མ་བཟོས་ཏེ་ཐུར་མ་རེ་རེ་བཞིན་འཐབ་འཛིང་པ་དེའི་ཁའི་ནང་བླུགས་ཤིང་། ཇ་སྲུབས་མ་ཐུར་མ་འགའ་བླུགས་རྗེས་དྲན་པ་ཐོར་བའི་འཐབ་འཛིང་པ་དེ་གློ་བུར་དུ་དྲན་པ་སོས།

    ཉིན་ཞིག་རྒན་མོ་ལྷ་སྐྱིད་ཀྱི་གྲུང་ཤ་དོད་པའི་ཕྲུ་གུ་དེ་གློ་བུར་དུ་ན་བ་དང་། རྐྱེན་གང་ཡིན་མི་ཤེས་པར་དྲན་པ་ཐོར་བས་རྒན་མོ་ལྷ་སྐྱིད་དངངས་སྐྲག་ཆེན་པོ་ལངས། ཁོང་གིས་ཕྲུ་གུ་སྒལ་པར་ཁུར་ནས་བྲེལ་འཚུབ་ངང་དཔུང་སྡེར་ཡོང་སྟེ་ལེན་ཤོག་གི་སྨན་པར་རང་ཉིད་ཀྱི་ཕྲུ་གུ་སྐྱོབ་རོགས་ཞུས། ལེན་ཤོག་གི་འཕྲོད་བསྟེན་པས་རྒན་མོ་ལྷ་སྐྱིད་ལ་སེམས་གསོ་གཏོང་ཞོར་འཕྲལ་མར་ཕྲུ་གུར་མྱུར་སྐྱོབ་བྱས། ཕྲུ་གུས་འཛུམ་དམུལ་དམུལ་ངང་ཨ་མ་ཞེས་འབོད་སྐབས། རྒན་མོ་ལྷ་སྐྱིད་ཀྱིས་སེམས་གཏིང་ནས་བཅིངས་འགྲོལ་དམག་གི་དཀའ་དྲིན་དྲན། དེ་ནས་བཟུང་རྒན་མོ་ལྷ་སྐྱིད་ཀྱིས་བཅིངས་འགྲོལ་དམག་རང་ཉིད་ཀྱི་གཉེན་ཉེར་བརྩིས་ནས“གུང་ཁྲན་ཏང་མེད་ན་བཅིངས་འགྲོལ་དམག་མེད་ལ། ང་ཚོ་ད་དུང་མུན་ནག་ནང་འཚོ་བ་སྐྱེལ་བཞིན་ཡོད་པས། བཅིངས་འགྲོལ་དམག་ནི་ངའི་གཉེན་ཉེ་ཡིན”ཞེས་རྒྱུན་དུ་བརྗོད་ཀྱི་ཡོད། དུས་དེ་ནས་བཟུང་། ལྷ་སྐྱིད་ཀྱིས་གྲོང་ཚོའི་བུད་མེད་རྣམས་རྟག་ཏུ་བསྐོངས་ནས་རྣམ་ཀུན་ཟ་མི་ཕོད་པའི་མར་ཁྱེར་ནས་ཇ་སྲུབས་མ་བཟོས་ཏེ་ལམ་ཐག་རིང་བ་དང་། རླུང་བུ་ཆེ་བ། གངས་མཐུག་པ་བཅས་ལ་མ་འཛེམས་པར་དཔོན་དམག་ཚོའི་སར་སྐྱེལ་གྱི་ཡོད། 2001ལོའི་ཟླ་11ཚེས་9ཉིན། གམ་པ་དམག་སྒར་གྱི་ལེན་ཤོག་བཞི་པའི་དཔོན་དམག་ཚོ་ས་བབ་མཐོ་ཚད་སྨི་5600ལྷག་ཟིན་པའི་ཤི་ཤི་ལར་སྐོར་གཡེང་བྱེད་པར་བསྐྱོད། མ་ཐོན་གོང་རྒན་མོ་ལྷ་སྐྱིད་ཀྱིས་དཔོན་དམག་ཚོར་ས་ཆ་གང་དུ་གངས་རྡིབས་པ་དང་ས་ཆ་གང་དུ་ས་ཀོང་ཡོད་པ། ས་ཆ་གང་དུ་ལམ་ནོར་ཤོར་ཉེན་ཆེ་བ་བཅས་ཡོད་ཚུལ་མངགས་བྱ་ཡང་ཡང་བྱས། སྟབས་མ་ལེགས་པ་ཞིག་ལ། རྒན་མོ་ལྷ་སྐྱིད་ཀྱིས་བཤད་པའི་ཉེན་ཁའི་ཁུལ་ལ་སྐོར་གཡེང་རླངས་འཁོར་འཁྱག་དོང་ནང་ལྷུང་ནས་དཔོན་དམག་ཚོ་གངས་རོང་དུ་ལུས། ཞོགས་པ་ནས་དགོང་མོའི་བར། རྒན་མོ་ལྷ་སྐྱིད་ཀྱིས་གྲོང་ཚོའི་ལམ་མདོར་བསྒུགས་ཀྱང་ཁོང་ཚོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད། “དགོང་མོར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40བར་ཆག་པས། གལ་སྲིད་རི་ལ་ལུས་ཚེ་ཉེན་ཁ་ཧ་ཅང་ཆེ” དེར་བརྟེན། བསམ་བློ་ཞིབ་ཕྲ་གཏོང་ཁོམ་མ་བྱུང་བར་རྒན་མོ་ལྷ་སྐྱིད་ཀྱིས་བྲེལ་འཚུབ་ངང་གྲོང་ཚོའི་ནང་དུ་རྒྱུག་ནས་དུད་ཚང་ཚང་མའི་སྒོ་བརྡུངས་ཏེ། ཡུལ་མི་ཚང་མར་པགས་ཚག་དང་ལམ་རྒྱགས་ཁྱེར་ནས་དཔོན་དམག་འཚོལ་བར་འགྲོ་དགོས་པའི་སྐུལ་སློང་བྱས། རྐང་ཐང་མར་ཆུ་ཚོད་ལྔ་ལྷག་ཙམ་ཕྱིན་རྗེས། ཡུལ་མི་ཚོས་དཀའ་ངལ་ཁྲོད་ལུས་པའི་སྐོར་གཡེང་དཔོན་དམག་གཞི་ནས་རྙེད། རྒན་མོ་ལྷ་སྐྱིད་ཀྱིས་གངས་མཐུག་པོའི་ནང་གོམ་པ་རེ་རེ་སྤོས་ཏེ་ཇ་སྲུབས་མ་རླངས་པ་འཚུབ་འཚུབ་དེ་དཔོན་དམག་ཚོའི་མདུན་ལ་སྐྱེལ་བའི་སྐབས། རྣམ་ཀུན་ལྕགས་ལྟར་ངར་བའི་ཕོ་ཁྱོ་ག་འདི་དག་མིག་ལ་མཆི་ཞག་འཁོར་ནས་རྒན་མོ་ལྷ་སྐྱིད་ལ་འཐམས་ཏེ་རང་དབང་མེད་པར་ངུ་ཤོར།

    ལོ་ལྟར་དམག་གསར་འབྱོར་སྐབས། རྒན་མོ་ལྷ་སྐྱིད་ཀྱིས་ཇ་སྲུབས་མ་ཁྱེར་ཏེ་དུས་བཀག་ལྟར་ལེན་ཤོག་ལ་ཡོང་ནས་བྱམས་བརྩེ་ལྡན་པའི་སྐྱེད་མ་བཞིན་དམག་གསར་ཚོར“ས་མཐོར་བསླེབས་མ་ཐག་ཇ་སྲུབས་མ་མང་ཙམ་འཐུང་བ་དང་ལུས་པོ་ཉུང་ཙམ་འགུལ་ན་གཟུགས་པོར་ཕན་པ་ཡོད། ཁྱེད་ཚོ་བདེ་མ་ཐང་མ་བྱུང་ན་ང་ཚོའི་རྒྱལ་ཁབ་གཞི་ནས་བདེ་འཇགས་ཡོང་ཐུབ”ཅེས་བཤད། སྐད་ཆ་དེ་དག་རྒན་མོ་ལྷ་སྐྱིད་ཀྱིས་གསར་དུ་སླེབས་རིམ་གྱི་འཐབ་འཛིང་པ་གསར་པར་ཤོད་ཀྱི་ཡོད། ལོ་ལྟར་དམག་མི་རྒན་གྲས་དམག་ཁོངས་ནས་ཕྱིར་ལོག་བྱེད་སྐབས་རྒན་མོ་ལྷ་སྐྱིད་ཀྱིས་སྔ་པོ་ནས་འཐབ་འཛིང་པ་རྒན་གྲས་ཚོར་ཇ་སྲུབས་མ་བཟོ་བ་དང་རྩམ་པ་གྲ་སྒྲིག་བྱེད་ཀྱི་ཡོད། དམག་མི་རྒན་གྲས་དམག་ཁོངས་ནས་ཕྱིར་ལོག་པའི་ཉིན་མོ་འཆར་རིམ་བཞིན་རྒན་མོ་ལྷ་སྐྱིད་ཀྱིས་སྐྱ་མ་བཏང་གོང་ནས་རྩམ་པ་དང་ཁ་བཏགས་ཁྱེར་བ་མ་ཟད། ཚ་སོབ་སོབ་ཀྱི་ཇ་སྲུབས་མ་དང་ནས་ཆང་ཞིམ་པོ་ཁྱེར་ནས་དམག་སྒར་ལ་ཡོང་སྟེ་འཐབ་འཛིང་པ་རྒན་གྲས་ལ་སྐྱེལ་མ་བྱེད་ཀྱི་ཡོད།

    ལོ་50ལྷག་ཙམ་རིང་། དཔོན་དམག་ཚོས་སྐོར་གཡེང་དང་ལས་སྒྲུབ་སོགས་ཀྱི་ལས་འགན་གལ་ཆེན་འཁུར་དུས། རྒན་མོ་ལྷ་སྐྱིད་ཀྱིས་རྟག་ཏུ་ཞིང་ནང་གི་ལས་ཀ་བཞག་ནས་ཇ་སྲུབས་མ་འདང་ངེས་བཟོས་ཏེ་རང་ངོ་མས་དཔུང་སྡེའི་དཔོན་དམག་ཚོར་སྐྱེལ་གྱི་ཡོད། ལོ་50ལྷག་ཙམ་རིང་། རྒན་མོ་ལྷ་སྐྱིད་ཀྱིས་རང་ཉིད་ཀྱིས་ཟ་མ་ནུས་པའི་མར་གྱིས་དཔོན་དམག་ཚོར་ཇ་སྲུབས་མ་ཏུན་3ལྷག་ཙམ་བཟོས་ཡོད། ཁོང་གིས་བོད་རིགས་མི་དམངས་ཀྱི་ཆེས་བབ་ཆགས་པའི་བརྩེ་བ་བཅངས་ནས་དྲི་ཞིམ་འཐུལ་བའི་ཇ་སྲུབས་མ་བཟོས་པ་དང་། རང་ཉིད་ཀྱི་ལང་ཚོ་དང་ཕུགས་འདུན་ལ་བརྟེན་ནས་རྒྱལ་སྲུང་སྲ་བརྟན་དུ་བཏང་ཡོད། རྒན་མོ་ལྷ་སྐྱིད་མ་གྲོངས་གོང་། ཁོང་གིས་རང་ཉིད་ཀྱི་བུ་མོ་དང་ཚ་བོའི་ལག་པ་ནས་འཇུས་ཏེ་ཁོང་ཚོར་ངེས་པར་དུ་དཔུང་སྡེ་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་ཀྱིས་དམག་བཀུར་མཐའ་འཁྱོངས་བྱས་ནས་དམག་བཀུར་དམག་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པའི་མངགས་བྱ་ཡང་ཡང་བྱས། རྒན་མོ་ལྷ་སྐྱིད་ཀྱི་བུ་མོ་ཆོས་སྐྱིད་ཀྱིས“ཨ་མ་གྲོངས་ཀྱང་། ཁོང་གི་དམག་བཀུར་གྱི་སྙིང་སྟོབས་ནམ་ཡང་གནས་པས་ང་ཚོས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་ངེས་ཡིན”ཞེས་བློ་རྩ་བརྟན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།