དབུ་ཤོག>ཆེད་སྒྲིག
  • མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མཁན་གྱི་གྲོང་ཚོ་ཀྲི་པུའི་ཧྲུའུ་ཅི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-11

    མིག་དམར། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། ད་ཆ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བཞིན་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ཏུའང་བྲག་ཕྱི་གྲོང་ཚོ་ནི་ད་དུང་དབུལ་ཕོངས་ཀྱི་རི་གྲོང་ཆུང་ངུ་ཞིག་ཡིན་པ་དང་། གྲོང་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་སྐབས་དེ་དུས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མིག་དམར་གྱི་སྣེ་ཁྲིད་འོག་བྲག་ཕྱི་གྲོང་ཚོས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་རླངས་འཁོར་50ཙམ་ཉོས་ནས་ཤིང་ཆ་སྐྱེལ་འདྲེན་བྱས་པས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“རླངས་འཁོར་གྲོང་ཚོར”གྱུར། རྒྱལ་ཁབ་ཀྱིས་ཤིང་གང་བྱུང་དུ་གཅོད་རྒྱུ་གཏན་འགོག་བྱས་རྗེས་བྲག་ཕྱི་གྲོང་ཚོའི་རླངས་འཁོར་མང་པོ་ཞིག་ཁྱིམ་དུ་བེད་མེད་དུ་གྱུར། མིག་དམར་གྱིས་ས་གནས་དེ་གའི་འཛུགས་སྐྲུན་ལས་ཡུལ་དང་འབྲེལ་བ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ཀྱི་མིང་ཐོག་ནས་ལས་ཡུལ་ནས་སྐྱེལ་འདྲེན་གྱི་ལས་འགན་འགན་གཙང་བླངས་རྗེས་ཚང་མར་རེས་མོས་བཞིན་རླངས་འཁོར་བཀོད་སྒྲིག་བྱས། གྲོང་མི་བློ་བཟང་བསྟན་འཛིན་ཕྱུག་པོ་ཆགས་འདོད་ཀྱང་རླངས་འཁོར་ཉོ་བའི་དངུལ་མེད། གྲོང་ཚོ་ཨུ་ལྷན་གྱི་ཁག་ཐེག་ཡོད་པས་བློ་བཟང་བསྟན་འཛིན་གྱིས་དངུལ་ཁང་ནས་དངུལ་བུན་གཡར་ཏེ་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ། ལོ་ཤས་སོང་རྗེས། ཁོང་གིས་དངུལ་བུན་འཇལ་ཁར་རྐོ་འདྲུའི་འཕྲུལ་འཁོར་གཉིས་དང་འཇིབ་ཆུང་རླངས་འཁོར་གཅིག་ཉོས། ད་དུང་ཁང་པ་གསར་པ་ཞིག་ཀྱང་བརྒྱབ།

    ཉེ་བའི་ལོ་ཤས་རིང་། མིག་དམར་གྱིས་གྲོང་ཚོའི་གྲོང་མི་ཁག་གཅིག་སྔོན་ལ་ཕྱུག་པོ་ཆགས་ཀྱང་ཁ་ཐོར་ཡིན་པ་ལས་གཞི་ཁྱོན་གཏན་ནས་ཆགས་མེད་པ་ཤེས། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བྲག་ཕྱི་གྲོང་ཚོའི་ས་ཆ་ཁག་གཅིག་འཛུགས་སྐྲུན་ས་ཆར་འཆར་འགོད་བྱས་པ་དང་གྲོང་མི་ཚོར་ས་ཆ་བསྡུ་སྤྱོད་ཀྱི་ཁ་གསབ་དངུལ་ངེས་ཅན་ཞིག་རག་ཡོད། “ང་ཚོས་ཐབས་ཤེས་བཏང་ནས་དངུལ་མང་པོ་དེ་དག་དངུལ་དེ་བས་མང་བར་འགྱུར་བ་བྱེད་དགོས”དེར་བརྟེན་མིག་དམར་ལ་མ་དངུལ་བསྡུ་རུབ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་བསམ་བློ་འཁོར། “གལ་སྲིད་གྱོང་གུན་རག་ན་གང་འདྲ་བྱེད་དགོས་སམ” “དངུལ་ཇི་ལྟར་བསྡུས་ན་གཞི་ནས་བཏང་སྙོམས་ཡོང་ཐུབ”ལ་སོགས་ཀྱི་སྐོར་ལ་གྲོང་མི་ཚོས་གྲོས་བསྡུར་འཁྲུག་པོ་བྱས། མིག་དམར་གྱིས་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བསྐོངས་ནས་ཚོགས་འདུ་ཐེངས་མང་འཚོགས་ཏེ་ཚང་མར་བསམ་བློའི་སློབ་གསོ་བརྒྱབ། “དངུལ་ལག་ཏུ་བཞག་ན་སྤྱད་ནས་རྫོགས་རྒྱུ་ལས་མེད། ཐོན་ལས་ཡོད་ཚེ་གཞི་ནས་དངུལ་མང་དུ་འགྲོ་ཐུབ”ཅེས་མིག་དམར་གྱིས་སྔོན་ལ་གྲོང་ཚོའི་ཏང་ཡོན་ལ་གོ་སྐོན་བློ་འགུག་གི་སློབ་གསོ་བརྒྱབ། ཏང་ཡོན་ཚོས་སླར་ཡང་ཁྱིམ་དུ་ལོག་ནས་ནང་མི་དང་གཉེན་ཉེ་གྲོགས་པོར་བསམ་བློའི་སློབ་གསོ་བཏང་བས། མཐར་གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་མ་དངུལ་སྒོར་ཁྲི་1500བསྡུས་ཏེ་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མ་གནས་ལ་བརྩི་རྒྱུའི་ཐག་བཅད། ཡུན་རིང་མ་སོང་བར་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་བསྐྲུན་ནས་ཚོང་གཉེར་བྱེད་འགོ་ཚུགས། ལོ་ཤས་རིང་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་དེ་ཁོ་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ལོ་ལྟར་ཡོང་འབབ་སྒོར་8000ཡན་གྱི་བགོ་འགྲེམས་རག་ཡོད།

    “གྲོང་མིའི་འཚོ་བར་དཀའ་ངལ་ཡོད་དམ”“གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་ཡོད་དམ”ཞེས་2011ལོའི་ཟླ་7ཚེས་21ཉིན་སྐབས་དེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞི་ཅིན་ཕིང་བྲག་ཕྱི་གྲོང་ཚོར་ཕེབས་ནས་གྲོང་ཚོའི་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ལས་མིག་དམར་གྱི་བློ་སྒོ་ཡངས་པོར་ཕྱེ་ཡོད།

    2016ལོར་མིག་དམར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མིང་ཐོག་ནས་བྲག་ཡིབ་ཆུས་ཀྱི་ཚོགས་འདུ་གཉིས་ལ་ཞུགས། ཁོང་གིས་ཚོགས་འདུའི་ཐོག་བཏོན་པའི“བྲག་ཡིབ་ཆུས་ཀྱིས་ཡུལ་སྐོར་ལས་རིགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཅོས་སྒྲིག་དང་སྒྲིག་འགལ་སྐྲུན་དངོས་བཤིག་དགོས་པའི”གནས་ཚུལ་ལ་དོ་ཁུར་བྱུང་། མིག་དམར་གྱི་བསམ་པར་གལ་སྲིད་སྒྲིག་འགལ་སྐྲུན་དངོས་བཤིག་ཚེ་ཟོག་འགྲེམས་མཛོད་ཁང་གི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོང་གི་རེད་སྙམ། དེས་ན་བྲག་ཕྱི་གྲོང་ཚོར་ཟོག་འགྲེམས་གླིང་བསྐྲུན་རྒྱུའི་བསམ་བློ་འཁོར། དཔལ་འབྱོར་གྱི་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པའི་གྲོང་མི་མ་རྐང་ནང་ཞུགས་རྒྱུར་རོགས་རམ་བྱ་ཆེད་མིག་དམར་གྱིས་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཁོང་ཚོར་དངུལ་ཁང་ནས་དངུལ་བུན་གཡར་རོགས་བྱས། མཐར་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མས་ཟོག་འགྲེམས་གླིང་གི་རྣམ་གྲངས་ནང་ཞུགས། 2019ལོའི་ཟླ་བདུན་པར་རྒྱ་ཁྱོན་མུའུ་230ལྷག་ཙམ་ཟིན་པའི་དུས་ཐེངས་དང་པོའི་བྲག་ཕྱི་ཟོག་འགྲེམས་གླིང་བདེ་བླག་ངང་བསྐྲུན་པ་དང་གཉེར་སྐྱོང་གནས་ཚུལ་ཡག་པོ་ཡོད་པས་གྲོང་མི་ཚོར་ཡང་ཕན་པ་མི་ཉུང་བ་ཞིག་ཐོབ་ཡོད། 2019ལོར་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་ཟིན་པ་དང་། གྲོང་མི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་3.4ཟིན་ཡོད། བགོ་འགྲེམས་ཉུང་ཤོས་ཀྱི་ཁྱིམ་ཚང་ལའང་ལོ་རེར་སྒོར་ཁྲི་10ཙམ་རག་ཡོད། 2020ལོར་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་ཚོད་སྐོར་བྱེད་ཚད་སྒོར་དུང་ཕྱུར་8ཟིན་ནས་ལོ་གསུམ་བསྟུད་མར་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད།

    བྲག་ཕྱི་གྲོང་ཚོ་ཨུ་ལྷན་ནས་སྤྱི་ལེ་བཅུ་ཙམ་གྱི་སར་གནས་པའི་ལོ་3200ལྷག་ཙམ་ཟིན་པའི“ཤུག་སྡོང་རྒྱལ་པོ”ཞེས་པའི་ཤིང་ཞིག་ཡོད། ད་ཆ་ཐོན་ཁུངས་གསར་སྤེལ་བྱས་ནས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་དུ་གསར་སྤེལ་བྱས་ཡོད། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་བྲག་ཕྱི་གྲོང་ཚོའི་གྲོང་མི་མང་པོ་ཞིག་མཛེས་ལྗོངས་ཁུལ་དུ་ལས་ཞུགས་ཐུབ་ཡོད། མཛེས་ལྗོངས་ཁུལ་དུ་ཚོང་རྒྱག་བཞིན་པའི་གྲོང་མི་བདེ་སྐྱིད་ཀྱིས“ངའི་བཟའ་ཟླ་གྲོང་ཚོའི་ཟོག་འགྲེམས་གླིང་དུ་ལས་ཀ་བྱེད་ཀྱི་ཡོད། ངས་ཡུལ་ཟོག་ཁོ་ན་བཙོངས་པར་ཉིན་ལྟར་ཡོང་འབབ་སྒོར་ཉིས་བརྒྱ་སུམ་བརྒྱ་ཙམ་འདུག་པས་ཁྱིམ་གྱི་འཁོས་ཀ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས་མིག་དམར་ལ་སླར་ཡང་བསམ་ཚུལ་གསར་པ་ཞིག་འཆར་བ་སྟེ། ཁོང་གིས་གྲོང་ཚོ“ཨུ་ལྷན་གཉིས”དང་འབྲེལ་ཡོད་ཚན་པ་དང་འབྲེལ་བ་བྱས་ནས་བྲག་ཕྱི་གྲོང་ཚོའི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་འཆར་འགོད་རི་མོ་བཟོས་ཏེ། གྲོང་ཚོའི་ལམ་གསར་པ་བཟོས་པ་དང་། བཙོག་འབུད་མདོང་ལམ་དྲུས་པ། འཐུང་ཆུའི་མདོང་ལམ་སྒྱུར་བཀོད་བྱས་པ། ཆུ་གསོག་རྫིང་བུ་བཟོས་པ། ཆུ་བཤལ་གསང་སྤྱོད་བསྐྲུན་པ། ན་ཁ་བཏབ་པ་དང་ཤིང་བཙུགས་པ། སྒྲིག་འགལ་སྐྲུན་དངོས་བཤིག་པ་བཅས་བྱས་ཡོད། དེ་རྗེས་མིག་དམར་གྱིས་སླར་ཡང་ཏང་ཡོན་མང་ཚོགས་ཀྱི་སྣེ་འཁྲིད་དེ་གྲོང་སྲོལ་དམངས་ཆིངས་བཟོས་པ་དང་གཙང་སྦྲ་འཕྲོད་བསྟེན་གྱི་འགྲན་བསྡུར་བྱས་ཡོད། གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་དུད་སྦྲེལ་རྐང་འཛིན་པར་བྱས་ཏེ་བདེ་འཇགས་མཉམ་འགོག་རུ་ཁག་བཙུགས། དེ་བཞིན་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། དམངས་དོན་རྩོད་གཞི་འདུམ་འགྲིག ཁོར་ཡུག་འཕྲོད་བསྟེན་ལྟ་སྐུལ། ཡ་རབས་སྲོལ་བཟང་དར་སྤེལ་སོགས་ལས་གནས་10ལྷག་ཙམ་བཀོད་སྒྲིག་བྱས་པས་ཏང་ཡོན་ཚང་མ་ཞུགས་ཐུབ་ཡོད། དོན་དག་ཆེ་ཆུང་གང་ཞིག་དང་མང་ཚོགས་ལ་རེ་འབོད་གང་ཞིག་ཡོད་ཀྱང་སྒྲུབ་མཁན་ཏང་ཡོན་ཡོད།

    “ཧྲུའུ་ཅི་མིག་དམར་ནི་ཁེ་ལས་མཁས་ཅན་ཞིག་ཡིན་ལ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཡང་ཡིན་ཞིང་། ཁོང་གི་ཁྲོམ་རའི་མཐོང་རྒྱ་ཡངས་ལ་ཏང་གཤིས་ཀྱི་འདུ་ཤེས་ཀྱང་ཟབ་པས་ས་གནས་དེ་གའི་གྲོང་མིའི་བརྩི་བཀུར་ཆེན་པོ་ཐོབ་ཡོད”ཅེས་བྲག་ཡིབ་ཆུས་ཀྱི་ལས་བྱེད་པས་མིག་དམར་ལ་གདེང་འཇོག་འདི་འདྲ་བྱེད་ཀྱི་ཡོད། 2000ལོའི་ཟླ་4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མིག་དམར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར”བདམས་པ་དང་། 2011ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་མིག་དམར“རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།