མི་རིང་བའི་གོང་། གསར་འགོད་པ་དཔལ་འབར་རྫོང་དུ་སྐྱོད་སྐབས་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་འདུག ཏང་གི་ཉི་འོད་དྲོན་མོའི་འོག་དཔལ་འབར་རྫོང་གིས“ལྗང་མདོག་དཔལ་འབར”གྱི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུའི་པང་ཁར་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་མོ་ཞིག་དལ་བུར་འབྲི་བཞིན་ཡོད།
མང་ཚོགས་ལ་ཕྱུག་འགྱུར་གྱི་རྩལ་ནུས་ལྡན་པ།
སྔོ་ཚལ་བཏབ་ནས་ཡོང་འབབ་བསགས་པ།
དེ་སྔོན། དཔལ་འབར་རྫོང་གི་མང་ཚོགས་ལ“སྔོ་ཚལ་དཀོན་པ་དང་སྔོ་ཚལ་གྱི་རིན་གོང་མཐོ་བའི”གནད་དོན་ཡུན་རིང་གནས་པས་སྔོ་ཚལ་འདེབས་རྒྱུ་ནི་དེ་བས་སྤྲོས་བྲལ་རེད། 2010ལོར་རྫོང་སྲིད་གཞུང་གིས་གདོང་ཐོག་སྡེ་ཁུལ་དུ་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་དྲོད་ཁང་ཆེ་མོ་བསྐྲུན་ནས་མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་པར་མང་ཚོགས་ཚོར“སྔོ་ཚལ་དཀོན་པ”ནས“སྔོ་ཚལ་བཏབ་ནས་ཡོང་འབབ་གསོག་པའི”བར་འགྱུར་ལྡོག་བྱུང་བ་རེད།
འདི་ལོ་ལོ་54ལ་སླེབས་པའི་མཚོ་ཁ་གྲོང་རྡལ་གྱི་གྲོང་མི་ཚུལ་ཁྲིམས་ནི་ས་གནས་དེ་གའི་སྔོ་ཚལ་འདེབས་མཁན་དུད་ཚང་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ད་ཆ་རྫོང་གི་སྔོ་ཚལ་འདེབས་འཛུགས་ཀྱི་ཚན་རྩལ་མཛུབ་ཁྲིད་པར་གྱུར་ཡོད།
གསར་འགོད་པ་མཚོ་ཁ་གྲོང་རྡལ་གདོང་ཐོག་སྡེ་ཁུལ་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས། ཚུལ་ཁྲིམས་ཀྱིས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་དྲོད་ཁང་ཆེ་མོའི་ནང་གི་སྔོ་ཚལ་སྐྱེ་ཚུལ་ལ་ལྟ་བཞིན་ཡོད་པ་མ་ཟད། སྔོ་ཚལ་ལ་རྩེ་འཐོག་རྒྱག་བཞིན་འདུག “སྔོ་ཚལ་སྐྱེས་དྲགས་པ་དང་ཡལ་འདབ་རྒྱས་དྲགས་ནས་སྔོ་ཚལ་གྱི་འཚོ་བཅུད་མི་ཤོར་བ་བྱེད་དགོས”ཞེས་ཚུལ་ཁྲིམས་ཀྱིས་མཛུབ་ཁྲིད་བྱས།
“ད་ཆ་གྲོང་མིས་སྔོ་ཚལ་འདེབས་པ་དེ་རྒྱུན་གཏན་ཞིག་ཏུ་གྱུར་ཡོད། ཆེད་ལས་མཉམ་ལས་ཁང་གིས་དྲོད་ཁང་ཆེ་མོ་བསྐྲུན་པ་མ་ཟད། མང་ཚོགས་དུད་ཚང་ཚང་མར་ཡང་ཚལ་ཞིང་ཡོད”ཅེས་ཚུལ་ཁྲིམས་ཀྱིས་བཤད།
ཚུལ་ཁྲིམས་གནས་སའི་མཉམ་ལས་ཁང་དུ་ནུས་ཆེའི་ཉི་འོད་དྲོད་ཁང་ཆེ་མོ་134བསྐྲུན་ཡོད་པ་དང་། སོ་ལོ་སྔོན་པོ་དང་། ཀྲོ་མ་ཀྲུ། ཨོ་སུན། པད་ཚལ། ཤ་མོ་སོགས་སྔོ་ཚལ་སྣ་ཁ་20ལྷག་ཙམ་དང་འབྲི་ཏ་ས་འཛིན་དང་ཤིས་ཀྭ་སོགས་ཤིང་འབྲས་བཏབ་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་ཞིང་ཁར་སྔོ་ཚལ་འདེབས་པ་དང་ཆབས་ཅིག ད་དུང་མཉམ་ལས་ཁང་དུ་དོ་དམ་དང་འདེབས་འཛུགས་ལས་དོན་གྱི་འགན་འཁུར་གྱི་ཡོད་པས་མཉམ་ལས་ཁང་ལས་དུད་ཚང་81གི་མི་460ལ་ཕན་པ་ཐོབ་སྟེ་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.2ཡན་བྱུང་ཡོད།
གྲོང་གསེབ་དར་རྒྱས་ལ་ཐོན་ལས་ཡོད་པ།
མང་ཚོགས་སྒོ་རྩར་ལས་ཞུགས་དང་འབབ་འཕར་བྱུང་བ།
དཔལ་འབར་གྲོང་རྡལ་གཞན་མགུ་གྲོང་ཚོའི་སྤོས་ལས་སྣོན་བཟོ་གྲྭ་ནི་གྲོང་ཚོ་དེའི“གྲོང་ཚོ་རེར་མཉམ་ལས་ཁང་རེའི”རྣམ་གྲངས་ཤིག་ཡིན་པ་དང་། འཁོར་ཁང་ནས་ས་གནས་དེ་གའི་དམིགས་བསལ་སྤོས་ཀྱི་རྒྱུ་ཆའི་དྲི་ཞིམ་འཐུལ་གྱི་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་དང་སྒྲིག་ཆས་ཆ་ཚང་ཞིང་། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་བྱས་པས་འདི་གའི་སྤོས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད།
སྤོས་ཐོན་ལས་ལས་གྲོང་ཚོར་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས་གྲོང་མི་ཚོས་སྤོས་བཟོ་གྲྭ་འཛུགས་མཁན་བསོད་ནམས་ཉི་མར་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། ཁོང་ནི་དེ་སྔ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པ་དང་ཕྱིས་སུ་ཡུལ་མི་ཚོས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས། མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུལ་བྱུང་འཇོན་ཐང་ལ་བརྟེན་ནས་2020ལོར་ཁོང་གྲོང་ཚོའི་ཏང་ཀྲི་པུའི་ཕུལ་བྱུང་ཧྲུའུ་ཅི་ཞིག་ནས་གཞུང་ལས་པར་བསྡུས་པ་རེད།
“ང་ཚོའི་གྲོང་ཚོའི་སྤོས་ལ་ལོ་150ལྷག་ཙམ་གྱི་ལོ་རྒྱུས་ལྡན་པས་དེ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་སུ་བརྩིས་ཚེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཡུན་རིང་སྐུལ་ཁྲིད་བྱེད་ཐུབ”སྤོས་ལས་སྣོན་བཟོ་གྲྭ་འཛུགས་མཁན་ཞིག་གི་ངོས་ནས་2017ལོར་བཟོ་གྲྭ་འཛུགས་སྐབས་ཁོང་གིས་གྲོང་མི་ཚོར་ཐོན་ལས་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་གྲོང་མིའི་རྒྱབ་སྐྱོར་འོག་རྣམ་གྲངས་ཀྱི་མ་དངུལ་སྦྲེལ་མཐུད་ཧུར་ཐག་བྱས་ཤིང་། ལོ་དེ་གའི་ཟླ་10པར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་120བཏང་བ་དང་གྲོང་ཚོ་ཨུ་ལྷན་གྱིས་མ་དངུལ་སྒོར་ཁྲི་30གྲབས་གསོག་བྱས་ཏེ་སྤོས་བཟོ་གྲྭ་དངོས་སུ་བཙུགས་པ་རེད།
གཞན་མགུ་གྲོང་ཚོ་ནི་དཔལ་འབར་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས་རྫོང་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་དུ་བརྩིས་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་མཐུན་ཚོགས་40འཕེལ་རྒྱས་བཏང་བ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་113བཙུགས་པ་དང་རོགས་སྐྱོར་བྱས་ཡོད། 2016ལོ་ནས་2020ལོ་བར་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་90ལག་བསྟར་བྱས་པར་ཞིང་འབྲོག་མང་ཚོགས་36500ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་གང་སར་ལག་བསྟར་ཡག་པོ་བྱས་པ་དང་བསྟུན་ནས་མང་ཚོགས་སྒོ་རྩར་ལས་ཞུགས་དང་འབབ་འཕར་རྒྱུན་མཐུད་བརྟན་པོ་བྱུང་ཡོད།
སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་ཐོན་པ།
ལྗང་མདོག་འཕེལ་རྒྱས་ལས་མང་ཚོགས་ཀྱི་སྐྱིད་སྣང་ཟབ་ཏུ་སོང་བ།
ཉེ་བའི་ལོ་ཤས་རིང་། “རྒྱལ་ལམ་349རྒྱུད་ཀྱི་དཔལ་འབར་ནས་ལྷ་རི་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས”ལ་སྐུལ་འདེད་བརྟན་པོ་བཏང་བ་དང་བསྟུན་ནས། དེ་སྔའི་ཇ་རྟའི་གནའ་ལམ་གྱི“སྐྱིད་གླིང”ཞེས་འབོད་པའི་བོད་ཤར་རྒྱུད་ཀྱི་སྦས་ཡུལ་སྤྱི་གླིང་ཤང་འཁྲུག་ཆ་དོད་དུ་སོང་ནས་སྒེར་འཁོར་བཏང་སྟེ་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོའི་གདམ་ག་གསར་པ་དེ་བས་ལེགས་པ་ཞིག་ཏུ་འགྱུར་བཞིན་ཡོད།
དཔལ་འབར་རྫོང་གྲོང་ནས་ལྷོ་ནུབ་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་80བསྐྱོད་ནས་དམག་སྡེ་བཅོ་བརྒྱད་པའི“བོད་དུ་སྐྱོད་པའི་འགག་འཕྲང་དང་པོ”ཞེས་གྲགས་པའི་ཤར་གོང་ལ་བརྒྱབ་པ་ན་བསིལ་རླུང་ལྡང་བ་དང་བསྟུན་ནས་དབེན་པའི་ཞིང་ཁམས་ཤིག་མིག་མདུན་དུ་མངོན།
སྤྱི་གླིང་ཤང་གི་སྐྱེ་ཁམས་ལྟེ་བའི་ས་ཁོངས་ཤིག་ཡིན་པའི་དཔལ་འབར་ལྗང་ལྷ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་3399.3ཟིན་པ་དང་། སྤྱི་གླིང་དུ་མྱུག་གསོ་ཁུལ་དང་། སླར་གསོའི་བསྐྱར་སྐྲུན་ཁུལ། ལུགས་མཐུན་བེད་སྤྱོད་ཁུལ། དྲིལ་བསྒྲགས་སློབ་གསོའི་འགྲེམས་ཁུལ་དང་དོ་དམ་ཞབས་ཞུའི་ཁུལ་བཅས་བཙུགས་ཡོད་པ་དང་། ལྟ་ཞིབ་ཚད་ལེན་ས་ཚིགས་དང་སྐོར་སྲུང་ས་ཚིགས་བཙུགས་པ་མ་ཟད། སྐོར་སྲུང་པས་ཆེད་ལས་བདག་སྐྱོང་ལས་དོན་སྒྲུབ་ཀྱི་ཡོད། སྤྱི་གླིང་དུ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མཛེས་ལྗོངས་ལྟ་ན་སྡུག་ཅིང་། ས་མཐོའི་ཆུ་བོའི་འདམ་ར་དང་། ས་མཐོའི་མཚེའུ་ཡི་འདམ་ར། མཐོ་གྲང་རྩྭ་ཐང་། མཐོ་གྲང་ནགས་ཚལ། ན་འདམ། གངས་རི་སོགས་གདོད་མའི་སྐྱེ་ཁམས་ཀྱི་རང་བྱུང་མཛེས་ལྗོངས་ཡོད།
དཔལ་འབར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུན་ཐའོ་ཡིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་དཔལ་འབར་རྫོང་གིས་རྒྱལ་ལམ་349ཡི“སྐྱེ་ཁམས་ཆབ་མདོའི་ལྗང་མདོག་དཔལ་འབྱོར་གྱི་བར་ཁྱམས་གསར་པ”དང“ལྗང་མདོག་དཔལ་འབར”གྱི་འཕེལ་རྒྱས་ལ་གཞི་ཚུགས་ནས་ལྗང་ལྷ་མཚོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས“ལྗང་མདོག་དཔལ་འབར”གྱི་སྐྱེ་ཁམས་འཕེལ་རྒྱས་ལས་མང་ཚོགས་ཀྱི་སྐྱིད་སྣང་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་བཤད།