རྡོག་ཐོན་བྱེད་སྐབས་འགོ་འཛིན་གྱིས་ང་ཚོའི་དམིགས་ཡུལ་སྒར་ཐོག་རེད། སྒར་ཐོག་ས་ཆ་གང་འདྲ་ཞིག་རེད་དམ། ས་བཀྲའི་ནང་མངོན་པར་མི་འབོར་ཁྲི་50ཙམ་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ཞིང་། དེར་ཐོག་བརྩེགས་ཁང་ཆེན་ཡོད་ལ་དགོང་མོ་གློག་འོད་རབ་ཏུ་གསལ་བའི་འདུ་འཛི་ཆེ་བའི་ཞིང་ཁམས་ཤིག་རེད། ད་ཆ་འདི་གར་གངས་འཁྱགས་ཀྱིས་བསྡམས་པའི་གངས་རི་ཁོ་ན་ལས་འདུ་འཛི་ཆེ་བའི་གྲོང་ཁྱེར་ཆེན་པོ་རྩ་བ་ནས་མཐོང་རྒྱུ་མེད།
—— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།
འདི་ནི་སེང་གེ་ཁ་འབབ་གྲོང་རྡལ་གྱི་བདེ་སྐྱིད་གྲོང་གསར་ཡིན་པ།
སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ལི་ཏི་སན་ཚུད་པའི་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོ་63གྱི་བང་སོ་ལྷོ་ལ་གཏད་ནས་སེང་གེ་ཁ་འབབ་གྲོང་རྡལ་ལ་ཕྱོགས་ཡོད།
ལོ་ངོ་70ཡི་གོང་དུ་འདི་གར་སེང་གེ་ཁ་འབབ་ཀྱི་ཆུ་ཤིང་འོམ་བུ་ཐང་ཡིན། ལོ་ངོ་70ཡི་རྗེས་སུ་འདི་གར་མངའ་རིས་ས་མཐོའི་ལྟེ་བའི་གྲོང་ཁྱེར་ཆེ་ཤོས་ཆགས། དེ་སྔ་འཐབ་འཛིང་པ་ཚོའི་བློ་ངོར་འཆར་བའི་ཐོག་བརྩེགས་ཁང་ཆེན་དང་གློག་འོད་རབ་ཏུ་འཕྲོ་བའི་འདུ་འཛི་ཆེ་བའི་གྲོང་ཁྱེར་ཡོད་པ་མ་ཟད། ད་དུང་ཆ་ལག་ཚང་བའི་སྒྲིག་བཀོད་དང་། གཙང་སྦྲ་དོད་པའི་ཁྲོམ་གཞུང་། བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ཀྱང་ཡོད།
1951ལོའི་ཟླ་8ཚེས་3ཉིན། སྔོན་སྐྱོད་ལེན་ཤོག་གིས་སྒར་ཐོག་ཏུ་བཅའ་སྡོད་བྱས་ནས་མངའ་རིས་ཞི་བས་བཅིངས་འགྲོལ་བཏང་རྗེས། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་མངའ་རིས་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་སྒར་རྫོང་དགུན་ས་ཤང་དུ་བཙུགས། 1960ལོར་མངའ་རིས་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་། 1965ལོར་མངའ་རིས་ཡན་ལག་ཨུ་ལྷན་དེ་མངའ་རིས་ས་ཨུད་ལ་བསྒྱུར་བ། 1966ལོར་མངའ་རིས་ས་ཨུད་དང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ལས་ཁུངས་དགུན་ས་ནས་སེང་གེ་ཁ་འབབ་གྲོང་རྡལ་དུ་སྤོས།
མིག་དམར་ཚེ་རིང་ནི་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཀྲུང་གོ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་རེད། 1972ལོར་ཁོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ས་ཁུལ་སློབ་འབྲིང་འགྲིམས། དེ་ནས་བཟུང་ཁོང་གྲོང་ཁྱེར་དེ་ནས་ཁ་བྲལ་མྱོང་གཏན་ནས་མེད་པས་ན། སེང་གེ་ཁ་འབབ་གྲོང་རྡལ་གྱི་ལོ་རྒྱུས་ལ་རྒྱུས་མངའ་ཧ་ཅང་ཆེ།
“མངའ་རིས་ས་ཨུད་དང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ལས་ཁུངས་གནས་སྤོ་བྱེད་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་དགུན་ས་སྒར་ཆུ་བོའི་འདམ་རར་གནས་སྟབས་ཁང་པའི་རྩིག་རྨང་བརྟན་པོ་བཏིང་མི་ཐུབ་པས། ཕུགས་ཀྱི་འཕེལ་རྒྱས་ལ་འཚམ་པོ་གཏན་ནས་མེད”ཅེས་མིག་དམར་ཚེ་རིང་གིས་བཤད།
1965ལོར་སེང་གེ་ཁ་འབབ་གྲོང་རྡལ་སྐྲུན་འགོ་ཚུགས། ལོ་དེར་ཤིན་ཅང་ནས་ཡོང་བའི་འཛུགས་སྐྲུན་རུ་ཁག་གིས་སེང་གེ་ཁ་འབབ་ཀྱི་བྱང་ངོགས་ཀྱི་མི་མེད་ལུང་སྟོང་གི་ཆུ་ཤིང་འོམ་བུ་ཐང་དུ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ས་ཕག་དང་པོ་དེ་བརྒྱབ། མིག་དམར་ཚེ་རིང་གིས་ངོ་སྤྲོད་བྱས་དོན། སྐབས་དེ་དུས་གཙོ་བོ་སེང་གེ་ཁ་འབབ་གཙང་པོ་འཕྲེད་བཅད་ཀྱི་ཟམ་ཆེན་ཞིག་བསྐྲུན་པ་དང་། ས་ཨུད་དང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཚོགས་ཁང་བརྒྱབ་པ། ཤིན་བོད་གཞུང་ལམ་བརྒྱུད་རིང་ཚད་སྨི་བརྒྱ་ཕྲག་ཁ་ཤས་ཡོད་པའི་གཞུང་ལམ་ཞིག་བསྐྲུན་པ། དེ་བཞིན་ཁྲོམ་གཞུང་རྒྱུད་དུ་ས་ཕག་གི་ཁང་པ་སྟར་པ་གཅིག་བརྒྱབ་པ་རེད། 1988ལོར་སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་ཡང་དེར་སྤོས་པས་སེང་གེ་ཁ་འབབ་གྲོང་རྡལ་གྱི་མི་འབོར་དང་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན། སྐབས་དེའི་མངའ་རིས་ས་ཨུད་དང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ལས་ཁུངས་དང་དེ་བཞིན་འགན་ནུས་སྡེ་ཚན་སེང་གེ་ཁ་འབབ་ཀྱི་བྱང་ངོགས་སུ་གཅིག་སྡུད་བྱས་ནས་ལྷོ་ངོགས་ཀྱི་ས་ཞིང་སྒར་རྫོང་ལ་བགོས། ད་ལྟའི་བར་དུ་མི་རྣམས་ཀྱིས་སྔར་བཞིན་སེང་གེ་ཁ་འབབ་ཀྱི་བྱང་ངོགས་ལ་ས་ཁུལ་ཞེས་དང་ལྷོ་ངོགས་ལ་སྒར་རྫོང་ཞེས་འབོད་སྲོལ་ཡོད།
སྒར་རྫོང་དགུན་ས་ཤང་སྒར་གྲོང་གསར་གྱི་ལོ་77ལ་སླེབས་པའི་ཚེ་བརྟན་གྱིས་སྒར་རྫོང་གནས་སྤོའི་བརྒྱུད་རིམ་ཧྲིལ་པོར་དཔང་པོ་བྱས་ཤིང་། “ལས་བྱེད་པ་དང་ལས་བཟོ་500ལྷག་ཙམ་གནས་སྤོས་པ་དང་། ཁོང་ཚོས་མངའ་རིས་ཡན་ལག་དམག་ཁུལ་ཁང་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་བཅུ་ཕྲག་ཁ་ཤས་གཡར་ཏེ་དངོས་ཟོག་སྐྱེལ་འདྲེན་བྱས་པ་དང་། དཔྱིད་ཀ་ནས་སྟོན་ཀའི་བར་གཞི་ནས་དབོར་ཚར་བ་རེད” སྔོན་ཆད་ཀྱི་གནས་ཚུལ་དག་བགྲེས་སོང་གི་དྲན་པའི་མེ་ལོང་ངོས་སུ་གསལ་ལྷང་ངེར་འཆར།
སེང་གེ་ཁ་འབབ་གྲོང་རྡལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་གྱི་དཔང་པོ་བ་མིག་དམར་ཚེ་རིང་དང་ཚེ་བརྟན་ད་ཆ་སྔར་བཞིན་སེང་གེ་ཁ་འབབ་གྲོང་རྡལ་དུ་འཚོ་བ་སྐྱེལ་བཞིན་ཡོད། མིག་དམར་ཚེ་རིང་གིས་རྒན་ཡོལ་ཞུས་རྗེས“ཞང་ཞུང་གི་དྲན་ཤེས”ཞེས་པའི་པར་རྒྱག་སློབ་ཁང་བཙུགས་ནས་མངའ་རིས་ས་ཁུལ་ལ་འོས་འགན་ངང་པར་རྒྱག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད། ཚེ་བརྟན་ས་ཁུལ་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཚེ་མཇུག་བསྐྱལ་ནས་ཡོད་པ་དང་སྐབས་རེ་བོད་གསར་རྙིང་བསྡུར་བའི་གཏམ་བཤད་བྱེད་པར་སྐྱོད་ཀྱི་ཡོད། རྒན་རྒོན་གཉིས་པོས་གྲོང་ཁྱེར་འདིར་ཞེན་ཆགས་ཆེན་པོ་བྱེད་ཀྱི་ཡོད།
ཞང་ཞུང་རིག་གནས་ཐང་ཆེན་ནི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལྟེ་བ་ཡིན་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.4ཟིན་པའི་ཐང་ཆེན་དེ་གཞི་ཁྱོན་ཆེན་པོས་སྒྱུར་བཀོད་རིམ་སྤོར་བྱས་རྗེས་གང་སར་མེ་ཏོག་རབ་ཏུ་བཞད་པ་དང་སྔོ་ཐིང་ངེར་གྱུར་ཡོད། དུས་གཅིག་ཏུ་འཛུགས་སྐྲུན་བྱས་པའི་ཁུལ་བཞིའི་ལུས་སྦྱོང་སྤྱི་གླིང་དང་རྟ་མཆོག་ཁ་འབབ་ལམ་ཁྲོམ་གཞུང་སྤྱི་གླིང་ལས་གྲོང་མིའི་སྤྲོ་གསེང་རོལ་རྩེད་དང་ཡུལ་ལྗོངས་ལྟ་སྐོར་ལ་གདམ་ག་སྣ་ཚོགས་མཁོ་འདོན་བྱས་ཡོད། དབྱར་དུས་ཉི་མ་ནུབ་ཁར་མང་ཚོགས་ཚོས་ཐང་ཆེན་དང་སྤྱི་གླིང་དུ་འཛོམས་ནས་དགའ་བའི་ཞབས་བྲོ་འཁྲབ་པ་དང་སྙན་པའི་གླུ་གཞས་ལེན་གྱི་ཡོད།
བདེ་སྐྱིད་གྲོང་གསར་དུ་ཡོད་པའི་བསོད་ནམས་ཡེ་ཤེས་ཀྱི་ཁྱིམ་དུ་སྐྱོད་སྐབས། ནང་ཆས་དང་གློག་ཆས་ཆ་ཚང་ལ་གྱང་ངོས་དང་། ས་ངོས། ཤེལ་ཁང་བཅས་ཚང་མར་ཡང་མཛེས་བཟོ་ཞིབ་ཚགས་བྱས་ཡོད་པས་འབྱོར་འབྲིང་གི་རྣམ་པས་ཁེངས་འདུག
བདེ་སྐྱིད་གྲོང་གསར་དེ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཤར་འདབས་སུ་གནས་པ་དང་། དེ་ནི་མངའ་རིས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་ཤོས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཤིག་ཡིན། མིག་སྔར་དེ་གར་སྒར་སོགས་རྫོང་5ཡི་དུད་ཚང་714ཡི་མང་ཚོགས་དབུལ་པོ་2952སྤོས་ཡོད། རྣམ་གྲངས་དེ་ལས་དུད་ཚང་དབུལ་པོར་སྒོ་ར་རང་སྒྲིག་གི་སྡོད་ཁང་གསར་པ་གཅིག་གྱུར་འཆར་འགོད་བྱས་ནས་བསྐྲུན་པ་མ་ཟད། ད་དུང་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། དྲོད་རླངས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཞབས་ཞུའི་ལྟེ་གནས། ཉེན་དོན་ཁང་། བུ་བཅོལ་ཁང་། གྲོང་ཚོ་དང་གྲོང་ལྷན་གྱི་བྱེད་སྒོ་སྤེལ་ཡུལ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱང་བཀོད་སྒྲིག་བྱས་ཡོད།
སྔོན་ཆད་ཡོང་འབབ་མང་པོ་མེད་ཀྱང་བསོད་ནམས་ཡེ་ཤེས་ཀྱི་ལས་ཀའི་ཧུར་སེམས་ཤང་དུ་སྐད་གྲགས་ཆོད་པར་བརྟེན། སྤོས་ནས་ཡུན་རིང་མ་སོང་བར་ཁོང་སྒོ་རྩིས་ཚོང་ཁང་གི་ཅིང་ལིར་བདམས་ནས་ད་བར་ལོ་གཉིས་སོང་ཡོད། ན་ནིང་ཁོང་གིས་བདེ་སྐྱིད་གྲོང་གསར་ལྟེ་གནས་ཀྱི་ཚོང་ལས་ཐང་ཆེན་ནས་ཚོང་ཁང་ཞིག་གླས་ཏེ་ཇ་ཁང་གཉེར་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་7བྱུང་ཡོད། རང་ཉིད་ཕྱུག་འགྱུར་ལམ་ལྷོངས་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་མ་ཟད། ད་དུང་དཀའ་ངལ་ཡོད་པའི་མང་ཚོགས་2ཇ་ཁང་དུ་ལས་ཞུཌ་ཐུབ་ཡོད།
“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་སྲིད་གཞུང་གིས་གནང་བ་ཞིག་ཡིན་པས། སླད་ཕྱིན་མང་ཚོགས་དེ་བས་མང་བ་མཉམ་དུ་ཕྱུག་པོ་ཆགས་རྒྱུའི་རེ་བ་ཡོད”ཅེས་བསོད་ནམས་ཡེ་ཤེས་ཀྱིས་བཤད།
(རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)