གསར་འགོད་པས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་2021ལོ་དེ“གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་ཆེ་རུ་གཏོང་བའི་ལོར”གཏན་འཁེལ་བྱས་ནས། བྱ་ཐབས་བདུན་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོད་རྒྱུར་དམ་འཛིན་ཏན་ཏིག་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། གྲོང་ཁྱེར་དང་རྫོང་ཁག་གི་ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་ཐེངས་རེའི་སློབ་ཁྲིད་གཙོ་བོའི་ཁྲོད་ཀྱི་ཆབ་སྲིད་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་ཚད་སློབ་ཚན་སྤྱི་འབོར་གྱི་70%ལས་མི་དམའ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གསར་བརྗེའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་ཤུགས་ཆེན་གྱིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཏེ་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་བཏང་བ་རེད།
ལྟ་སྐུལ་དོ་དམ་ལ་དམ་འཛིན་ཏན་ཏིག་བྱས་པ། སྒྲིག་འགལ་ཁྲིམས་འགལ་གྱིས་ཏང་ཡོན་འཕེལ་རྒྱས་གཏོང་བར་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་། ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང“སྐྱོན་ཅན་ཏང་ནང་ཞུགས་པ”དང་། མི་བདེན་རྫུན་སྒྲིག ཉེར་ཕྱོགས་གཡོ་ཟོལ། ཏང་ཞུགས་གོ་རིམ་དང་རྒྱབ་འགལ་ཚབས་ཆེན་སོང་བ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱེད་པ་དང་། ཏང་ཡོན་གྱི་ཡིག་ཚགས་འཐུས་ཚང་དང་ཚད་ལྡན། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་སྤུས་ཚད་མཐོ་རུ་བཅས་བཏང་བ་རེད།
གཅིག་བསྡུས་གསོ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་པ། “གྲོང་ཁྱེར་རིམ་པའི་དཔེ་སྟོན་གསོ་སྦྱོང་དང་། རྫོང་དང་ཆུས་ཀྱི་གཙོ་གནད་གསོ་སྦྱོང་། ཤང་དང་གྲོང་རྡལ་གྱི་མཐའ་སྐྱོང་གསོ་སྦྱོང”བཅས་ཀྱི་བྱེད་ཐབས་སྤྱད་དེ་རིགས་དང་རིམ་པ་དབྱེ་ནས་གཞི་རིམ་གྱི་ཏང་ཡོན་དང་ཏང་དོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་སྐུལ་འདེད་བཏང་བ་དང་། ཆབ་སྲིད་ཀྱི་བྱང་ཚད་དང་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཚན་ཁག་གི་ཁོངས་མིར་ལོ་རེའི་གཅིག་སྡུད་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཡུན་ཆུ་ཚོད་56ལས་མི་ཉུང་བ་དང་ཏང་ཡོན་དཀྱུས་མར་གསོ་སྦྱོང་བྱེད་ཡུན་ཆུ་ཚོད་32ལས་མི་ཉུང་བ་དགོས་པ་ཁ་གསལ་བཟོས་ཡོད། གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱ་རྒྱུར་རྒྱུན་མཐུད་དམ་འཛིན་བྱས་ནས་ལོ་གཉིས་ནང་གྲོང་ཚོའི་རྐང་འཛིན་མི་སྣས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཤོད་ཤེས་པའི་འགན་ལེན་བྱས་པ་རེད།
རྩ་འཛུགས་ཀྱི་འཚོ་བར་དམ་འཛིན་ཏན་ཏིག་བྱས་པ། 《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་ལས་དོན་སྲོལ་ཡིག》སོགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་ཏང་ཀྲི་པུས་ལོ་ལྟར་ཉུང་མཐར་ཡང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་དམངས་གཙོའི་དཔྱད་བསྡུར་གྱི་ཏང་ཡོན་བྱེད་སྒོ་ཐེངས་གཅིག་སྤེལ་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ནན་ཏན་ངང་སྤེལ་ཡོད། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཀྲི་པུའུ་དང་འབྲེལ་བ་བྱེད་པའི་ལས་ཀའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ལོ་རེར་ཉུང་མཐར་ཡང་ཏང་གི་སློབ་ཚན་ཐེངས་གཅིག་འཁྲིད་པ་དང་། ཏང་གི་རྩ་འཛུགས་འཚོ་བའི་གཞི་རྩའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་པོ་བྱས་པ། ཏང་ནང་དུ་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ། “ངེས་པར་དུ་གླེང་མོལ་བྱེད་དགོས་པ་གསུམ”དོན་འཁྱོལ་ཐུབ་པ་དང་། བསམ་བློ་སྤེལ་རེས་དང་། བསམ་འཆར་བརྗེ་རེས། ཕན་ཚུན་མཐོར་གཏོང་བཅས་ཀྱི་བྱེད་སྒོ་ལོ་རེར་ཉུང་མཐར་ཡང་ཐེངས་གཅིག་སྤེལ་བ་རེད།
གཅིག་བསྡུས་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱས་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གྲལ་བཤེར་དག་ཐེར་བྱེད་པའི་ལས་དོན་མུ་མཐུད་སྐུལ་འདེད་བཏང་ནས“གཅིག་བྱས་པ་བཞིའི”དག་ཐེར་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། དག་ཐེར་རིམ་སྤོར་ལ་གནད་སྨིན་སྐུལ་འདེད་བཏང་བ། སྔོན་ཐོན་ཀྲི་པུའུ་རྒྱུན་མཐུད་མང་དུ་བཏང་བ། འབྲིང་ཚད་ཀྲི་པུའི་ཆུ་ཚད་མཐོ་རུ་བཏང་བ། རྗེས་ལུས་ཀྲི་པུའུ་གཞན་སྒྱུར་ལ་སྐུལ་འདེད་བཏང་བ་བཅས་བྱས་ཡོད། དག་ཐེར་མཇུག་འགྲིལ་རྗེས་བློ་ཡིད་ཚིམ་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་ནས། ཏང་ཡོན་གྱི་བློ་ཡིད་ཚིམ་ཚད་95%ལས་དམའ་བ་དང་གྲོང་མིའི་འཐུས་མིའམ་ཡང་ན་ལས་བྱེད་པ་དང་ལས་བཟོའི་བློ་ཡིད་ཚིམ་ཚད་85%ལས་དམའ་བ་ཡོད་ཚེ་ཚང་མ་བསྐྱར་དུ་དག་ཐེར་བྱས་པ་རེད།
དཔེ་སྟོན་སྣེ་ཁྲིད་ལ་དམ་འཛིན་ཏན་ཏིག་བྱས་པ། ཞིང་འབྲོག་ཁུལ་དུ“ཤང་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་རྫོང་ཧྲིལ་པོ་རིམ་སྤོར་བྱེད་པའི”གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། ཉུང་མཐར་ཡང་ཤང་དང་གྲོང་རྡལ་2ནས་3བར་ལ“ཤང་ཧྲིལ་པོར་སྐུལ་འདེད”གཏོང་རྒྱུ་ལག་བསྟར་གཏན་འཁེལ་བྱས་པ་དང་། གྲོང་ཚོ་3ནས་4བར་ལ་དཔེ་སྟོན་གཏོད་རྒྱུའི་གཏན་འཁེལ་བྱས་ཡོད། མཐའ་མཚམས་རྫོང་4ལ“མཉམ་དུ་ལྔ་དང་བརྟན་གཏོང་ལྔའི”ཉམས་མྱོང་ཁྱབ་གདལ་ཤུགས་ཆེན་བཏང་ནས“ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི”བྱེད་ཐབས་ལག་ལེན་བསྟར་ཏེ། “མཉམ་དུ་ལྔ་དང་བརྟན་གཏོང་ལྔའི”དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱབ་རྒྱ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བ་རེད།
ནུས་པ་འདོན་སྤེལ་ལ་དམ་འཛིན་ཏན་ཏིག་བྱས་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དམིགས་ནས“ཏང་དར་གངས་ལྗོངས་ས་མཐོར་ལྷབ་ལྷུབ་ཏུ་གཡོ་བའི”བྱེད་སྒོ་ཏན་ཏིག་སྤེལ་བ་དང་། ཏང་ཡོན་གྱི“འགན་ལེན་གསུམ”གྱི་ལས་དོན་དེ“ང་ཡི་སེམས་ནང་ཏང་ཡོད་པ་དང་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དང“མི་རིགས་མཐུན་སྒྲིལ་གྱི་ཏང་ཡོན་གདོང་ལེན་བྱ་སྤྱོད”“ཏང་ཡོན་དང་བླངས་ཞབས་ཞུའི་གདོང་ལེན་རུ་ཁག”བཅས་དང་མཉམ་འདྲེས་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་ཡོད།