ལྷོ་པ་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཤིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་མདོ་ཡུལ་གྲོང་ཚོ་ནི་མི་རིགས་དེའི་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། ཤང་ཡོངས་ཀྱི་དུད་ཚང་202ཁྲོད་ལྷོ་པ་རིགས་ཀྱི་དུད་ཚང་60ཡོད། ལོ་མང་པོའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་རི་ཁུག་གི་གྲོང་ཚོ་ཆུང་ངུ་དེ་འབྱོར་འབྲིང་གྲོང་ཚོར་བསྐྲུན་ནས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
མདོ་ཡུལ་གྲོང་ཚོའི་ཁོད་སྙོམས་པའི་ཨར་འདམ་ལམ་དང་། གྲལ་སྟར་འགྲིག་པའི་བོད་བཟོའི་སྒོ་ར་རང་འགྲིག་གི་ཁང་པ། དེ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉི་ནུས་ལམ་སྒྲོན་བཅས་ལས་མི་རྣམས་ཀྱི་ཡིད་དབང་འཕྲོག་ནས“མཐའ་མཚམས་སུའང་དེ་འདྲའི་མཛེས་སྡུག་ལྡན་པའི་གྲོང་ཚོ་འདུག”ཅེས་ངག་ནས་དབང་མེད་དུ་ཤོར་གྱི་ཡོད།
གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་གསར་འགོད་པ་གྲོང་མི་དབྱངས་ཅན་གྱི་ཁྱིམ་དུ་སླེབས། སྒོ་རའི་ནང་འཛུལ་མ་ཐག་རྩྭ་དང་མེ་ཏོག་མིག་ལམ་དུ་མངོན་པ་དང་། དབྱངས་ཅན་གྱིས་གློག་རྡིག་དང་གློག་ཐབ་སོགས་བྱང་ཆུབ་པའི་ངང་སྤྱད་དེ་ཐབ་ཚང་དུ་ཉིན་དགུང་གི་ཁ་ལག་གྲ་སྒྲིག་བྱེད་བཞིན་འདུག
དབྱངས་ཅན་གྱིས་གསར་འགོད་པར“ཏང་དང་སྲིད་གཞུང་གི་བཀའ་དྲིན་ལས་ང་ཚོའི་གྲོང་ཚོ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་ནས་གྲོང་མི་ཚང་མ་ཐོག་སོ་གཉིས་ལྡན་གྱི‘འབྱོར་འབྲིང་ཁང་པར’སྡོད་རྒྱུ་བྱུང་ཡོད། གཞན་ཡང་ཏང་དང་སྲིད་གཞུང་གིས་ད་དུང་ང་ཚོར་འགྲོ་ལམ་གསར་པ་བཟོས་པ་མ་ཟད། ཆུ་གློག་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཡང་འཐུས་སྒོ་ཚང་དུ་བཏང་ཡོད། ན་ནིང་ང་ཚོ་རྒྱ་ཆེ་བའི་ཁང་པ་གསར་པར་སྤོས་པ་དང་ལོ་འདི་དག་རིང་ཕྱིར་གླ་པ་རྒྱུག་པའི་ཡོང་འབབ་ཀྱིས་ཁང་པར་མཛེས་བཟོ་བྱས་ཏེ་སྡོད་ཁང་རྫིག་པོར་སྤོས་པ་ཡིན”ཞེས་བཤད།
“ད་ཆ་སྲིད་ཇུས་ཡག་ལ་འབབ་འཕར་གྱི་ཐབས་ལམ་ཡང་མང་བས་ལས་ལ་བརྩོན་ན་དངུལ་གསོག་མི་ཐུབ་པའི་སེམས་ཁྲལ་མེད”དབྱངས་ཅན་གྱིས་གསར་འགོད་པ་ཐག་མི་རིང་བའི་སར་ཡོད་པའི་མདོ་ཡུལ་གྲོང་ཚོའི་ལྷོ་ཡུལ་གྱི་ལྗང་མདོག་ཞིང་ལས་ཐོན་ཟོག་མཉམ་ལས་ཁང་དུ་འཁྲིད་པ་དང་། མཉམ་ལས་ཁང་དེ་2017ལོར་བཙུགས་ཤིང་། གཙོ་བོ་བྱ་བསེ་རུའི་ཇ་གཙོ་བོར་བྱས་པའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གསར་སྤེལ་བྱེད་ཀྱི་ཡོད།
“མཉམ་ལས་ཁང་དུ་ཇ་བརྔོས་འཁོར་ཁང་དང་། ཐུམ་སྒྲིལ་འཁོར་ཁང་། མཛོད་ཁང་། ཐོན་རྫས་འགྲེམས་སྟོན་ཁང་བཅས་ཡོད། ཇ་བརྔོས་སྒྲིག་ཆས་དང་ཐུམ་སྒྲིལ་སྒྲིག་ཆས་ཚང་མ་ནང་ས་ནས་ཉོས་པས་དེང་རབས་ཅན་གྱི་སྒྲིག་ཆས་ཡིན”ཞེས་མདོ་ཡུལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མཉམ་ལས་ཁང་གི་འགན་འཁུར་བ་དོན་གྲུབ་ཀྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས“མཉམ་ལས་ཁང་གིས་ད་དུང་གྲོང་ཚོའི་མང་ཚོགས་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་20ལྷག་ཙམ་མཉམ་ལས་ཁང་དུ་ལས་ཞུགས་ཐུབ་སྟེ། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་གཉིས་ཙམ་ཡོང་གི་ཡོད། ད་དུང་གྲོང་མི་མང་པོ་ཞིག་གིས་འདི་གའི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་བཙུགས་ཏེ་ཡུལ་སྐོར་ཡོང་འབབ་གསོག་གི་ཡོད”ཅེས་བཤད།
“ཉེ་བའི་ལོ་ཤས་རིང་། ང་ཚོས་ལྷོ་པ་རིགས་ཀྱི་གྱོན་ཆས་མཉམ་ལས་ཁང་བཙུགས་ནས་མི་རྣམས་ལ་ལྷོ་པ་རིགས་ཀྱི་གྱོན་ཆས་འགྲེམས་སྟོན་དང་ཁྱབ་གདལ་བཏང་ནས་ཚང་མས་ཕྱོགས་ཡོངས་ནས་ལྷོ་པ་རིགས་ཀྱི་རིག་གནས་ལ་སྔར་བས་རྒྱུས་ལོན་ཐུབ་པ་བྱས་ཡོད”“གྲོང་མི་ཚང་མས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་མེད་ཚེ་ལྷོ་པ་རིགས་ལ་དེང་གི་འཚོ་བ་ཡག་པོ་འདི་འདྲ་དང་འཕེལ་རྒྱས་མགྱོགས་པོ་འདི་འདྲ་ཡོང་མི་སྲིད། སྲིད་ཇུས་བཟང་པོ་ལས་ང་ཚོའི་འཚོ་བ་ཇེ་ལེགས་སུ་སོང་ཡོད་ཅེས་ཤོད་ཀྱི་འདུག”ཅེས་དབྱངས་ཅན་གྱིས་གསར་འགོད་པར་བཤད།
“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་སྲོག་རྩ་ལྟ་བུ་ཡིན་པས་ང་ཚོས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་རང་རྟོགས་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ངེས་ཡིན”ཞེས་དོན་གྲུབ་ཀྱིས་བློ་རྩ་བརྟན་པོས་བཤད།