འདི་ནི་དུག་ལུང་གྲོང་ཚོའི་སྐྱེ་ཁམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཟུར་ཞིག་ཡིན་པ།
སྙན་རོང་གི་འགྱུར་ལྡོག་ནི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་བྱུང་བ་ཞིག་རེད། ལོ་70ཡི་གོང་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་གིས་སྙན་རོང་དུ་མདུན་སྐྱོད་བྱས། ལོ་70ཡི་རྗེས་ཀྱི་དེ་རིང་གསར་འགོད་པ་ཚོ་སྙན་རོང་ལ་བསྐྱར་དུ་སྐྱོད་སྐབས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བཅས་ཀྱི་འོག་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བས་བོད་བྱང་ཐང་གི་ས་གཞི་ཆེན་པོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་མྱོང་ཚོར་ཐུབ་བྱུང་།
ཆུ་ཚན་མཉམ་ལས་ཁང་ནས་ཏང་གི་བཀའ་དྲིན་དྲན་པ།
སྙན་རོང་རྫོང་ཉི་མ་ཤང་དུག་ལུང་གྲོང་ཚོའི་དུག་ལུང་གཡུ་རྩེའི་ས་འོག་ཆུ་ཚན་དུ་དེང་རབས་དང་སྲོལ་རྒྱུན་གྱི་ཉམས་འགྱུར་གཉིས་ལྡན་གྱི་ཁང་པས་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད།
ཁང་པའི་འཁྲིས་སུ་སྐྱོད་སྐབས་དུག་ལུང་གྲོང་ཚོའི་ཀུན་བཟང་གིས་སྒོ་འགྲམ་དུ་ཁོང་གི་གློག་སྒུལ་སྦག་སྦག་ལ་གློག་གསོག་བཞིན་འདུག ཁོང་གིས་ཆུ་ཚན་གྱི་ཐོན་ལས་ཡོད་པས། ངའི་འཚོ་བར་དགའ་འོས་པའི་འགྱུར་ལྡོག་བྱུང་ལ། འགྱུར་ལྡོག་དེ་དག་ནི་རྨི་ལམ་ནང་དུའང་རྨིས་མྱོང་མེད་པ་ཤ་སྟག་རེད་ཅེས་བརྗོད།
ཀུན་བཟང་གི་ཁྱིམ་དུ་ཁོང་དང་ལོ་ན་བགྲེས་པའི་ཨ་མ་ལས་མེད། དེ་གོང་ཁྱིམ་དུ་སྒོ་ཕྱུགས་མེད་པའི་ཁར་ཨ་མ་ལོ་ན་རྒས་པས། ཀུན་བཟང་ཐག་རིང་པོར་ལས་ཀར་འགྲོ་ཐབས་མེད་པར་ཁྱིམ་དུ་ཨ་མར་ལྟ་རྟོག་བྱས་ཏེ་སྡོད་དགོས་བྱུང་བ་དང་སྔ་ཕྱི་བར་གསུམ་དུ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་གྱི་སྲིད་ཇུས་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད།
“ཆུ་ཚན་མཉམ་ལས་ཁང་དུ་ཞུགས་རྗེས་རང་ཁྱིམ་འགྲམ་དུ་ལས་ཀ་རག་པས། ཨ་མར་ལྟ་རྟོག་བྱེད་ཐུབ་ཀྱི་འདུག་ལ། ཁྱིམ་ཚང་གི་ཡོང་འབབ་ཀྱང་མང་དུ་ཤུགས་ཆེན་ཕྱིན་ཏེ་ཟླ་རེའི་གཞི་རྩའི་གླ་ཆ་དང་བྱ་དགའི་ཐོག་ལོ་མཇུག་གི་བགོ་འགྲེམས་བསྡོམས་ན་ལོ་གཅིག་ལ་འབབ་འཕར་སྒོར་ཁྲི་2ཡན་རག་གི་འདུག དེ་སྔོན་གང་དུ་བསྐྱོད་ཀྱང་རྐང་ཐང་མར་འགྲོ་དགོས། ད་ཆ་ཡོང་འབབ་ཡོད་པས་གློག་སྒུལ་སྦག་སྦག་གཅིག་ཉོས་པ་ཡིན་ལ། ཁྱིམ་དུའང་འཛིན་ཆས་གསར་པ་བརྗེས་པ་ཡིན”ཞེས་ཀུན་བཟང་གི་སྐད་ཆ་ལས་འཚོ་བར་འགྱུར་ལྡོག་ཕྱིན་པའི་སྤྲོ་སྣང་དང་བློ་ཡིད་ཚིམ་ལུགས་ཚོར་ཐུབ་ཀྱི་འདུག
ཆུ་ཚན་གསར་སྤེལ་བྱས་མ་ཐག་པའི་སྐབས་གྲོང་མི་ཚོའི་སེམས་ཁྲལ་སེལ་ཆེད། དུག་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་འཕེལ་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་སྣེ་འཁྲིད་དེ་མང་ཚོགས་ཀྱི་ཁྱིམ་དུ་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོང་མི་ཚོ་ཁྱད་ལྡན་ཐོན་ལས་ཀྱི་ལམ་བུར་བསྐྱོད་རྒྱུའི་ཁྲིད་སྟོན་བྱས།
སྲིད་ཇུས་སྒྲོག་འགྲེལ་དང་བསམ་བློའི་ཁྲིད་སྟོན་འོག་ཆུ་ཚན་གསར་སྤེལ་བྱེད་སྟངས་དེ་ཁ་ཐོར་གཉེར་སྐྱོང་ནས་མཉམ་ལས་གཉེར་སྐྱོང་བྱེད་སྟངས་ལ་བསྒྱུར་ཞིང་། དེ་སྔ་གྲོང་མི་ཚོས་ཆུ་ཚན་གྱི་ས་ཁོངས་དབྱེ་བ་དང་། རང་ཉིད་ཀྱིས་ཇ་ཁང་ཆུང་གྲས་དང་ཚོང་ཁང་བཙུགས་ཏེ་ཚོང་རྒྱག་གི་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་ཁྲིད་སྟོན་ཧུར་ཐག་བྱས་པ་བརྒྱུད། གྲོང་མི་ཚོས་མཉམ་ལས་ཁང་དུ་ཞུགས་པས། དེ་སྔའི་དུག་ལུང་གྲོང་ཚོའི་འབྲོག་ལས་རྐྱང་པའི་དཔལ་འབྱོར་རྣམ་པར་འགྱུར་ལྡོག་བྱུང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།
ཆོས་འཕེལ་གྱིས་གསར་འགོད་པར“གྲོང་མི་ཚོས་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས། ངས་ཁོང་ཚོའི་ཡིད་ཆེས་ཆུད་ཟོས་སུ་བཏང་ན་འགྲིག་གི་མ་རེད། ངས་མཉམ་ལས་ཁང་འཕེལ་རྒྱས་བཏང་སྟེ་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
གྲོང་ཚོ་གསར་པ་ནས་སྒེར་སེམས་མེད་པའི་རོགས་སྐྱོར་ཚོར་བ།
དུག་ལུང་གཡུ་རྩེའི་ཆུ་ཚན་དང་ཐག་མི་རིང་བའི་ས་ན་དུག་ལུང་གྲོང་ཚོའི་སྐྱེ་ཁམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གནས་ཡོད། དེ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཤིག་རེད། གྲོང་ཚོ་གསར་པར་གཙང་ལ་གྲལ་སྟར་འགྲིག་པའི་ཁང་པ་མཐོང་རྒྱུ་ཡོད་ལ། ཆུ་ཚ་པོ་བཟོ་སའི་ཁང་པ་དང་། བྱེད་སྒོ་ཁང་། ལུས་སྦྱོང་ཡོ་བྱད་སོགས་ཀྱང་མཐོང་རྒྱུ་ཡོད།
གྲོང་མི་སྒྲོལ་དཀར་ཁྱིམ་གྱི་འཛིན་ཆས་དང་བརྙན་འཕྲིན་འཕྲུལ་འཁོར་གསར་པ་དང་། ཁམས་གཙང་བའི་ཁྱིམ་གྱི་ཁོར་ཡུག་བཅས་གང་ས་གང་ནས་བདེ་སྐྱིད་ཀྱི་ཉམས་སྣང་ཞིག་ཚོར་ཐུབ་ཀྱི་འདུག འདི་གར་སྤོས་རྗེས་འཚོ་བར་འགྱུར་ལྡོག་གང་ཕྱིན་མིན་སྐོར་གླེང་སྐབས་སྒྲོལ་དཀར་གྱིས“དེ་སྔོན་ང་ཚོ་སྡོད་སའི་རང་བྱུང་གྲོང་ཚོར་གློག་མེད་ལ། ལམ་ཡང་ཁོད་སྙོམས་པོ་མེད། ཆར་ཞོད་ཆེ་སྐབས་འགྲོ་སྐྱོད་དཀའ་བ་མ་ཟད། ཁང་པ་ནས་ཐིགས་པ་རྒྱག་གི་ཡོད། འདི་གར་སྤོས་རྗེས་ཆུ་དང་། གློག ལམ་བཅས་ཚང་མ་ཤར་གཏོང་ཐུབ་པས་འཚོ་བ་སྟབས་ཧ་ཅང་བདེ་རུ་ཕྱིན་སོང”ཞེས་བརྗོད་བྱུང་།
ཉེ་བའི་ལོ་ཤས་རིང་། བོད་སྐྱོར་ལས་དོན་རུ་ཁག་གིས་འགག་སྒྲོལ་དཀའ་སེལ་བྱས་ཏེ་སྙན་རོང་རྫོང་དུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་མང་པོ་ཞིག་བསྐྲུན་པས། སྔོན་མའི་ཁང་པ་རྙིང་པ་དེ་དག་ད་ཆའི་གྲལ་སྟར་འགྲིག་ལ་ལྟ་སྣང་དོད་པའི་བོད་བཟོའི་ཁང་པ་གསར་པར་གྱུར་ཡོད།
བོད་སྐྱོར་རུ་མི་ཞིག་གིས“བོད་བྱང་ཐང་ས་མཐོའི་རང་བྱུང་གནམ་གཤིས་ཞན་པས། གཞི་རྩའི་དགོས་མཁོར་གྱུར་པའི་འཐུང་ཆུ་ལའང་དཀའ་ངལ་འཕྲད་ཀྱི་ཡོད་པས། དྲོད་ལེན་དང་། གློག་གཏོང་། ཆུ་སྤུས་འགན་ལེན་སོགས་ནི་དེ་བས་ཀྱང་སྨོས་མེད་རེད། འོན་ཀྱང་འབྲོག་པ་ཚོར་ཁྱིམ་ནས་རྟག་ཏུ་དྭངས་གཙང་གི་ཀ་ལའི་ཆུ་འཐུང་རྒྱུ་ཡོང་བ་དང་། འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་ན་ཁ་བ་བུ་ཡུག་དང་དཀའ་ངལ་ཅི་འདྲ་ཆེ་ནའང་ང་ཚོའི་ངོས་ནས་བརྗོད་ན་དོན་སྙིང་ལྡན་པ་ཞིག་རེད”ཅེས་བརྗོད།
སྨན་ཁང་ནས་འབད་འཐབ་ཀྱི་རང་མདངས་ཚོར་བ།
ཤང་གི་ལས་བྱེད་པའི་སྣེ་ཁྲིད་འོག་ང་ཚོས་སེ་ཆེན་ཤང་འཕྲོད་བསྟེན་ཁང་དུ་ལས་ཀ་ལོ་23ཙམ་བྱེད་མྱོང་བའི་ཏང་ཡོན་རྒན་གྲས་ཚེ་རིང་སྐྱིད་ལ་བཅར་འདྲི་བྱེད་ཐུབ་བྱུང་།
1998ལོར་ཚེ་རིང་སྐྱིད་སེ་ཆེན་ཤང་འཕྲོད་བསྟེན་ཁང་དུ་ལས་ཀར་ཡོང་བ་དང་སྐབས་དེ་དུས་འཕྲོད་བསྟེན་ཁང་དེ་ཤང་སྲིད་གཞུང་གི་སྒེའུ་ཁུང་མེད་པའི་ཁང་པ་ཞིག་ཏུ་ཡོད། སྐབས་དེ་དུས་ཀྱི་སྨན་བཅོས་སྒྲིག་ཆས་ཧ་ཅང་སྐྱོ་བས་ཚ་བ་ལྟ་ཆས་དང་ཁྲག་ཤེད་འཇལ་ཆས་ལས་མེད་པར་བརྟེན། མང་ཚོགས་ན་སྐབས་བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས་ཀྱིས་རྩ་བལྟས་ནས་སྨན་སྤྲོད་ཀྱི་ཡོད། 2010ལོ་ནས་བཟུང་སྨན་ཁང་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་སྨན་པ་ཡང་མང་དུ་ཕྱིན་ཁར། སྨན་བཅོས་ཀྱི་སྒྲིག་ཆས་ཀྱང་ཟམ་མི་ཆད་པར་ལེགས་སུ་སོང་ཡོད། དེ་སྔའི་འཕྲོད་བསྟེན་ཁང་ཆུང་ཆུང་དེར་ད་ཆ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ནས་རྒྱ་ཆེ་ཞིང་དྲོ་སོབ་སོབ་ཀྱི“སྨན་ཁང་ཆེན་པོ”ཞིག་ཏུ་གྱུར་བ་མ་ཟད། མང་ཚོགས་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཡང་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། ལོ་23རིང་ཚེ་རིང་སྐྱིད་ཀྱིས་འཕྲོད་བསྟེན་ཁང་གི་བུད་མེད་དང་བུ་བཙའ་ཚན་ཁག་དང་དེ་བཞིན་ནད་སྐྱོང་གི་ལས་ཀ་བྱས་ཏེ་ཕྲུ་གུ་སྐྱེ་བསུ་དང་ནད་སྐྱོང་བྱེད་པ་ཕུད། ད་དུང་འཕྲོད་བསྟེན་ཁང་གི་གཙང་སྦྲ་ཡང་བྱེད་ཀྱི་ཡོད།
དེ་སྔོན་སྨན་བཅོས་ཆ་རྐྱེན་ཡག་པོ་མེད་པས། སྦྲུམ་མ་མང་པོ་ཞིག་དུས་ཐོག་ཏུ་སྐྱོབ་བཅོས་མ་ཐུབ་པར་ཚེ་སྲོག་ཤོར་གྱི་ཡོད་པའི་ཁྲོད་ཁོང་གི་གཅེན་མོ་གཉིས་ཀྱང་ཚུད་པ་ཚེ་རིང་སྐྱིད་ཀྱིས་ད་དུང་ཡང་གསལ་པོར་ངེས་ཡོད། དེ་ནས་བཟུང་ཁོང་གིས་ཕྱིས་བྱུང་སྨན་པ་བྱས་ཏེ་མི་སྔར་བས་མང་བ་སྐྱོབ་བཅོས་བྱ་རྒྱུའི་སེམས་ཐག་བཅད།
ཚེ་རིང་སྐྱིད་དང་འདྲ་བའི་འབད་འཐབ་པ་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བསམ་ནས་བྱུང་བ་དང་སྒུག་ནས་བྱུང་བ་ཞིག་མིན་པར་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་གསལ་འགྲེལ་གཏིང་ཟབ་བརྒྱབ་ཡོད།