ལྷ་སར་ཇ་ཁང་དང་བོད་ཐུག་གི་སྐོར་གླེང་ན་ཀླུ་སྒུག་ཨ་མའི་ཇ་ཁང་གི་སྐོར་གླེང་མཁན་མང་པོ་ཡོད། སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་ཀླུ་སྒུག་ཨ་མའི་ཇ་ཁང་ནང་ཇ་དང་ཐུག་པའི་སྤ་སེ་ཉོ་མཁན་དང་། ཐུག་པ་ལེན་མཁན། ཇ་དང་ཐུག་པ་འཐུང་མཁན་སོགས་ཀྱིས་ཁེངས།
སྐུ་མགྲོན་སྡོད་ས་དཀར་ཆ་དོད་ལ་ཁོར་ཡུག་སྐྱིད་པ་དང་། ཐབ་ཚང་རྒྱ་ཆེ་ལ་གཙང་སྦྲ་དོད་པ། ཞབས་ཞུ་མའི་རྣམ་འགྱུར་ལེགས་ལ་སེམས་རྩ་འཁོལ་བ་བཅས་ནི་ཇ་ཁང་དེའི་ཁྱད་ཆོས་རེད། མ་གཞི་ཇ་ཁང་དེ་་མངོན་གསལ་དོད་པོ་དེ་ཙམ་མེད་ཀྱང་དེ་གར་ཇ་དང་ཐུག་པ་འཐུང་མཁན་སྐུ་མགྲོན་ཤིན་ཏུ་མང་།
ཚོང་གཉེར་གྱི་སྐོར་གླེང་སྐབས་ཇ་ཁང་གི་སྦྱིན་བདག་བྱམས་པ་བཀྲ་ཤིས་ཀྱིས་གསར་འགོད་པར། ང་ཚོའི་ཇ་ཁང་ཆུང་ཡང་གཉེར་སྐྱོང་ཡག་པོ་བྱེད་པར་ལས་སླ་པོ་མེད། བློ་རྩེ་གཅིག་སྒྲིམ་གྱིས་གཉེར་སྐྱོང་ཡག་པོ་བྱས་ཏེ་ལས་ཀ་ཚང་མ་མིག་ནང་དུ་མཐོང་ཐུབ་པ་དང་སེམས་ནང་བཞག་ཚེ། གཞི་ནས་སྐུ་མགྲོན་གྱི་ཡིད་དབང་འགུག་ཐུབ། “ཇ་ཁང་གཉེར་སྐྱོང་བྱེད་པར་གལ་འགངས་ཆེ་ཤོས་ནི་ཁ་དན་ཚིག་གནས་དགོས། དེ་ཡང་ཆུང་ས་ཚྭ་སོགས་སྨན་སྣ་ནས་ཆེ་ས་མ་གནས་མཐོ་ཤོས་ཀྱི་ཚགས་ཤ་སོས་པ་སོགས་གང་ཡིན་རུང་ང་ཚོས་སྤུས་ཀ་ཡག་ཤོས་འདེམས་ཀྱི་ཡོད། ངས་ཉིན་ལྟར་རང་ཉིད་ལ་འགྲོ་སོང་གྲོན་ཆུང་གང་ཐུབ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཀྱང་རྒྱུ་ཆའི་སྤུས་ཚད་ཐད་གྲོན་ཆུང་གཏན་ནས་བྱེད་མྱོང་མེད། དེས་མ་ཚད་ཁ་ལག་གི་སྤུས་ཚད་དང་། འབོར་ཚད། རོ་བཅུད་བཅས་ལ་དེ་བས་སྣང་ཆེན་བྱེད་ཀྱི་ཡོད་པས་སྐུ་མགྲོན་ཡོང་མཁན་ཇེ་མང་དུ་འགྲོ་གི་འདུག”གཟིགས་དང་། ཇ་དང་ཐུག་པ་འཐུང་མཁན་གྱིས་ཁེངས་མི་འདུག་གམ་ཞེས་བཤད།
འདི་གར་ལས་ཀ་བྱེད་མཁན་མ་བྱན་དང་། ཞབས་ཞུ་མ། དངུལ་བསྡུ་མཁན་སོགས་ལས་ཀ་བྱེད་མཁན་10ལྷག་ཙམ་ཡོད་པ་དང་། ཁོང་ཚོའི་ལས་བགོས་ཁ་གསལ་བ་དང་ལས་ཀ་བྱང་ཆུབ་པ་མ་ཟད། ཞབས་ཞུའི་རྣམ་འགྱུར་ཤིན་ཏུ་ལེགས།
ཇ་ཁང་ནང་སྐུ་མགྲོན་མང་དུས་བྱམས་པ་བཀྲ་ཤིས་ཀྱིས་སྐུ་མགྲོན་ལ་སྣེ་ལེན་ཞུ་གི་ཡོད། “སྐུ་མགྲོན་ཚོ་སེམས་སྐྱིད་པོ་དང་བློ་བདེ་པོ་ཡོང་བ་བྱེད་དགོས”ཞེས་པའི་སྐད་ཆ་དེ་བྱམས་པ་བཀྲ་ཤིས་ཀྱིས་རྟག་ཏུ་ཤོད་པའི་སྐད་ཆ་རེད་ལ། དེ་ཡང་ཁོང་གི་ཇ་ཁང་ལ་ཚོང་ཡག་པོ་དེ་འདྲ་ཡོང་བའི་རྒྱུ་མཚན་ཡང་རེད། གཞན་ཡང་། ཀླུ་སྒུག་ཨ་མའི་ཇ་ཁང་དེ“ཁ་དན་ཚིག་གནས་ཀྱི་དཔེ་སྟོན་ཇ་ཁང”ལ་བདམས་ཡོད།
“ཇ་ཁང་ལ་གཟི་བརྗིད་མཚན་སྙན་འདི་འདྲ་ཐོབ་པ་ནི་ང་ཚོའི་ལས་ཀར་ཁས་ལེན་དང་གདེང་འཇོག་གང་ལེགས་བྱས་པ་ཞིག་རེད། གོམ་སྟབས་རྗེས་མར་ང་ཚོས་ལས་རིགས་ཀྱི་སྒྲིག་ཁྲིམས་དང་འབྲེལ་ཡོད་ལམ་ལུགས་ལ་མུ་མཐུད་བརྩི་སྲུང་ཡག་པོ་ཞུས་ནས་ཁ་དན་ཚིག་གནས་ཀྱིས་ཚོང་བརྒྱབ་སྟེ་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་དང་ཁ་དན་ཚིག་གནས་ཀྱི་དྲང་ནུས་སྣེ་ཁྲིད་དེ་བརྒྱུད་སྤྲོད་བྱས་ནས། རྒྱ་ཆེའི་གྲོང་མིའི་ལྕེ་ཐོག་གི་བདེ་འཇགས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བྱམས་པ་བཀྲ་ཤིས་ཀྱིས་བཤད།