“དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་གྲོང་གསེབ་དར་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ང་ཚོས་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད”ཅེས་མཚོ་སྣ་རྫོང་སྦྱོར་ར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྤེན་པ་ཚེ་རིང་གིས་བཤད།
དབུལ་སྒྲོལ་འགག་སྒྲོལ་དམག་གྱི་འཐབ་རྒྱག་འགོ་ཚུགས་པ་ནས་2020ལོར་ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱུང་བའི་བར་དང་། དེ་ནས་འདི་ལོའི་གྲོང་གསེབ་དར་རྒྱས་ཀྱི་ལས་འགོ་ཚུགས་པའི་བར་ཕུལ་བྱུང་གི་གཞི་རིམ་ལས་བྱེད་པ་ཁག་གིས་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་འབད་འཐབ་ལྷོད་མེད་བྱས་པ་དང་། སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ལ་བརྟེན་ནས་འགན་འཁྲི་ཁུར་སེམས་མཚོན་པར་བྱས་ཡོད། མཚོ་སྣ་རྫོང་སྦྱོར་ར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྤེན་པ་ཚེ་རིང་ནི་བརྩེ་སེམས་དམངས་ལ་འཆང་ཞིང་དམངས་ཀྱི་ལས་དོན་ཧུར་ཐག་སྒྲུབ་མཁན་དབུལ་སྐྱོར་འགག་སྒྲོལ་བ་ཞིག་རེད།
མཚོ་སྣ་རྫོང་སྦྱོར་ར་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་སུ་གནས་པ་དང་རི་བོ་མཐོ་ལ་གཡང་གཟར་བའི་ཁར་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མེད་པས། དུས་ཡུན་རིང་པོའི་ནང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཅུང་དམའ་ཙམ་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས། “ཁྱིམ་ཚང་གི་གནས་ཚུལ་མཐིལ་རྟོགས”གང་མགྱོགས་བྱས་ནས་འཕེལ་རྒྱས་ཀྱི་ཚད་བརྒལ་ས་འཚོལ་ཆེད། སྤེན་པ་ཚེ་རིང་གིས་ཞིང་དུད་ཀྱིས་བཤད་པའི་གནས་ཚུལ་ཉན་པ་དང་། ཞིང་དུད་ཀྱི་གནས་ཚུལ་དངོས་ལ་ལྟ་བ། སྡོད་ཁང་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་པ། ཉེ་འཁོར་མང་ཚོགས་ཀྱི་བསམ་འཆར་ཉན་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་དུས་ཡུན་རིང་པོ་མང་ཚོགས་ཁྲོད་བསྡད་པས་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་གསལ་པོ་བྱུང་ཡོད།
སྤེན་པ་ཚེ་རིང་གིས་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་དང་དཔྱད་དཔོག་བྱས་ཚུལ་དེ་སྔར་ཡོད་ཀྱི་གྲངས་གཞི་དང་བསྡུར་ནས་བདེན་དཔང་ར་སྤྲོད་བྱས་པ་དང་། ཤང་ཏང་ཨུད་ཚན་ཁག་གིས་གྲོས་བསྡུར་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་མཐར། ཤང་ཡོངས་སུ་དུད་ཚང་དབུལ་པོ་458དང་མི་གྲངས་1177ཡོད་པ་གཏན་འཁེལ་བྱས།
གྲངས་གཞི་ཁུངས་བཙན་པོ་ཡོང་བ་བྱེད་པ་ནི་གོམ་སྟབས་དང་པོ་ཡིན་པ་དང་། མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་དམིགས་ཚད་དང་འགྲན་སློང་ཆེ་ཤོས་དེ་རེད།
བགྲོ་གླེང་དང་བསམ་གཞིག་ཡང་ཡང་བྱས་པ་བརྒྱུད། སྦྱོར་ར་ཤང་གིས་སྔོན་ལ་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་དེ་རྗེས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ལས་ཀའི་བསམ་ཕྱོགས་གཏན་འཁེལ་བྱས།
དེ་རྗེས་སྦྱོར་ར་ཤང་ཏང་ཨུད་ཀྱི་རྒྱབ་སྐྱོར་འོག་སྤེན་པ་ཚེ་རིང་གིས་མ་དངུལ་གྲབས་གསོག་དང་རྣམ་གྲངས་དོན་གཉེར་ལས་ལ་བྲེལ་འགོ་ཚུགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རོགས་སྐྱོར་རྣམ་གྲངས་རབ་དང་རིམ་པ་གཉེར་བ་བརྒྱུད། གྲོང་གསེབ(གྲོང་ལྷན)ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ལེགས་སུ་ཕྱིན་ཞིང་། འཐུང་ཆུ་གཏན་འཇགས་དང་། གློག་དང་ཆུ་ཤར་གཏོང་། གྲོང་ཚོ་དང་ཚོགས་ཆུང་དུ་ཨར་འདམ་ལམ་ཁྱབ་ཚད་100%ཟིན་པ། རིག་གནས་ཞབས་ཞུའི་ས་ཚིགས་དང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་བཙུགས་པ་བཅས་ལས་སྦྱོར་ར་ཤང་ལ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བྱུང་ཡོད།
དབུལ་སྐྱོར་བྱེད་པར་ངེས་པར་དུ་བློ་སྐྱོར་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་སྤེན་པ་ཚེ་རིང་གིས་ད་དུང་གྲོང་ཚོ་ཁག་ཏུ་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ་གྲོང་མིར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་བྱེད་དགོས་པའི་ལྕག་སྐུལ་བྱས།
སྦྱོར་ར་ཤང་གི་གཡམ་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱ་ཆེད། སྤེན་པ་ཚེ་རིང་དང་ཤང་ཏང་ཨུད་ཚན་ཁག་གི་ཁོངས་མིས་འབྲེལ་ཡོད་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པ་མ་ཟད། ཕྱོགས་བཞི་མཚམས་བརྒྱད་དུ་རྒྱུག་ནས་རྒྱབ་སྐྱོར་ཐོབ་ཐབས་བྱས་མཐར་མཚོ་སྣ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་སྦྱོར་ར་ཤང་ལོ་སྟོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་འོག གཡམ་པ་ལས་སྣོན་བཟོ་གྲྭ་དང་ལོ་སྟོད་གྲོང་ཚོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པར་མང་ཚོགས་22ལས་ཞུགས་ཐུབ་པའི་ནང་མང་ཚོགས་དབུལ་པོ་9ཡོད། 2018ལོ་ཁོ་ནར་མཉམ་ལས་ཁང་གིས་མང་ཚོགས་ལ་བགོ་འགྲེམས་སྒོར་ཁྲི་14.7བརྒྱབ་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་མང་དུ་ཕྱིན་ཡོད།
སྤེན་པ་ཚེ་རིང་དང་བཅས་པའི་སྦྱོར་ར་ཤང་ཏང་ཨུད་ཀྱི་སྣེ་ཁྲིད་འོག 2018ལོའི་ཟླ་7པར། ཤང་དེ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱུང་ནས་ཤང་ཡོངས་ཀྱི་དུད་ཚང་458དང་དུད་ཚང་དབུལ་པོ་1176ཚང་མའི་དབུལ་ཞྭ་ཕུད་ཡོད།
ལོ་སྟོད་གྲོང་ཚོའི་དབུལ་སྒྲོལ་མང་ཚོགས་བསོད་ནམས་དོན་གྲུབ་ཀྱིས“ཧྲུའུ་ཅི་གཞོན་པ་སྤེན་པ་ཚེ་རིང་གིས་ལོ་དེ་དག་ནང་སེམས་ནུས་ཡོད་ཚད་དབུལ་སྒྲོལ་འགག་སྒྲོལ་བྱེད་པར་བཏོན་ནས་ང་ཚོར་བྱ་བཟང་ཧ་ཅང་མང་པོ་བསྒྲུབས་ཡོད། ཁོང་ནི་ང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུའི་ཕྱོགས་སྟོན་པ་རེད”ཅེས་བཤད།
2021ལོར་སྤེན་པ་ཚེ་རིང་ལ་ལྗོངས་ཡོངས་ཀྱི“དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་ཅིང་། དེ་ཁོང་གི་ངོས་ནས་བརྗོད་ན་ལྕག་སྐུལ་ཞིག་རེད་ལ་བསྔགས་བརྗོད་ཀྱང་རེད། མཚན་སྙན་དེ་ལྟ་བུ་ཐོབ་རུང་ཁོང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་མཚམས་མ་བཞག་པར། མུ་མཐུད་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་ཐོག་སླར་ཡང་རྡོག་ཐོན་བྱེད་འགོ་ཚུགས་ཡོད།