
འདི་ནི་ཀུང་པེ་འགག་སྒོའི་ཁོངས་གཏོགས་ཏོའུ་མོན་འགག་སྒོའི་ལས་དོན་མི་སྣས་ཨའོ་མོན་དུ་མཁོ་སྤྲོད་བྱེད་པའི་ཁག་དང་པོའི་སྨན་གླིང་གི་བོད་བྱར་ཞིབ་བཤེར་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་1ཉིན་ནི་རྒྱལ་སྟོན་ངལ་གསོ་ཉིན་དང་པོ་ཡིན་པ་དང་། ཀུང་པེ་འགག་སྒོའི་ཁོངས་གཏོགས་ཏོའུ་མོན་འགག་སྒོས་ཞིབ་བཤེར་དང་རིམས་ནད་བརྟག་བཤེར་ཚད་ལོན་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁག་དང་པོའི་སྨན་གླིང་བོད་བྱ་50ཀོང་ཏུང་ཀྲོའུ་ཧའེ་རུ་ལས་སྣོན་བྱས་རྗེས་བདེ་བླག་ངང་ཨའོ་མོན་ཁྲོམ་རར་ཕྱིར་འཚོང་བྱས་པ་རེད། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་སྨན་གླིང་གི་བོད་བྱ་ཨའོ་མོན་དུ་མཁོ་སྤྲོད་བྱེད་ཐེངས་ཐོག་མ་རེད།
འདི་ལོའི་ཟླ་7པར། ཀུང་པེ་འགག་སྒོས་ཀྲོའུ་ཧའེ་ས་གནས་ཀྱི་ཁེ་ལས་ཤིག་དང་སྨན་གླིང་བོད་བྱ་ཐོན་ཡུལ་གྱི་སྲིད་གཞུང་དང་ཞིང་དུད་དང་མཐུན་སྦྱོར་བྱས་ནས་ཕྱོགས་གཉིས་མཉམ་ལས་ཀྱི་འདོད་མོས་ཡོང་བར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཨའོ་མོན་གྲོང་ཁྱེར་སྲིད་འཛིན་ཀུང་ཧྲུའུ་དང་ཀྲོའུ་ཧའེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཕྱོགས་ཁག་གི་རྒྱབ་སྐྱོར་ཐོབ་པ་བྱས་ཡོད།
ཀུང་པེ་འགག་སྒོས་ད་དུང་འགན་ནུས་ཀྱི་ལེགས་ཆ་ཧུར་ཐག་བཏོན་ནས་ཁོངས་གཏོགས་ཁུལ་གྱི་ཐོ་འགོད་གསོ་ཚགས་ཁང་དང་ཐོ་འགོད་ལས་སྣོན་བཟོ་གྲྭས་སྨན་གླིང་གི་བོད་བྱ་ཉོ་སྒྲུབ་དང་། གནས་སྐབས་གསོ་ཚགས། ལས་སྣོན། བཤས་གཏོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས། ཆེད་དོན་ཞིབ་འཇུག་བྱས་ཏེ་ལྟ་འདོམས་ཇུས་གཞི་བཟོས་པ་དང་གསོ་ཚགས་ཁང་གི་གནས་སྐབས་གསོ་བའི་དུས་ཚོད་ལ་དམིགས་ནས་ཆེད་བསྐོས་མི་སྣས་ཁེ་ལས་ཀྱི་ཐག་རིང་དབོར་འདྲེན་དང་། ཞིབ་བཤེར། བྱ་རིགས་ཆམ་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཐོན་སྐྱེད་འགག་གནད་ཚོད་འཛིན་དང་རྣམ་གྲངས་15ཡི་ཆེད་དོན་ལྟ་ཞིབ་ཚད་ལེན་བྱས་ནས་རྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཏེ། སྤུས་ཚད་བདེ་འཇགས་ཀྱི་འགན་ལེན་དང་ཕྱིར་གཏོང་གི་བླང་བྱ་དང་མཐུན་པར་བྱས་ཡོད།