ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ཉིན་རྒྱལ་ལམ་318ཀྱི་སྤྱིའི་ལམ་ཐིག་ལ་སྨི་6995ཡོད་པའི་ས་བབ་མཐོ་བའི་ཕུག་ལམ་རིང་པོ་སྟེ་ཆབ་མདོ་གྲོང་ཁྱེར་ཇོ་ལའི་ཕུག་ལམ་རིང་པོའི་བྲག་ཕུག་གཙོ་བོ་དངོས་སུ་ཏལ་འབིགས་ཐུབ་ཅིང་། ཇོ་ལའི་ཕུག་ལམ་རིང་པོར་འགྲིམ་འགྲུལ་ཤར་གཏོང་ཐུབ་རྗེས་རླངས་འཁོར་སྐྱོད་པའི་ལམ་ཐག་སྤྱི་ལེ་19དང་ཆུ་ཚོད་1ལྷག་ཙམ་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་གནས་པའི་ཇོ་ལའི་ལམ་དུམ་ནི་རྒྱལ་ལམ་318ཀྱི་འཕྲང་ལམ་གྱི་གྲས་ཤིག་ཡིན་པ་དང་། རི་ལམ་ཀྱག་ཀྱོག་སྤྱི་ལེ་29ཡོད་པ་ནི་གཞོགས་གཅིག་ལ་བྲག་རི་དང་གཞོགས་གཞན་དེར་གཡང་གཟར་གྲོག་རོང་ཡིན་པས་གུག་ལམ་དོག་པོ་མང་པོ་བརྒྱུད་དགོས་པ་དང་། རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། གངས་གསོག་ཐེབས་པ་སོགས་གནོད་འཚེ་མང་པོ་ཐོན་གྱི་ཡོད། ཇོ་ལའི་ཕུག་ལམ་རིང་པོ་དེ་2018ལོའི་ཟླ་5པ་ནས་སྐྲུན་འགོ་ཚུགས་ཤིང་། རླངས་འཁོར་ཁ་ཕྱོགས་གཉིས་སུ་འགྲོ་ཆོག་གི་ཡོད། རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་40འཆར་འགོད་བྱས་ཡོད་པ་དང་2022ལོའི་ཟླ་8པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།