དབུ་ཤོག>ཆེད་སྒྲིག
  • ཀུན་སེམས་གཅིག་ཏུ་བསྒྲིལ། “ལྗང་མདོག་མཁར་རྫོང”བསྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    བསིལ་རླུང་དལ་བུར་ལྡང་བ་དང་གནམ་གཤིས་དྲོ་གྲང་སྙོམས་པ་ནི་བོད་ཤར་གྱི་མུ་ཏིག་གྲོང་ཁྱེར་ཆབ་མདོའི་དབྱར་ཁས་མི་རྣམས་ལ་བཞག་པའི་བག་ཆགས་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་ཚུན། ཆབ་མདོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འོན་ཀྱང་མི་འགྱུར་བ་ཞིག་ནི་གནའ་ནས་ད་བར་གྱི“སྔོ་ཞིང་དྭངས་བའི་རི་ཆུ”རེད། དུས་ཡུན་རིང་པོར། ཆབ་མདོ་གྲོང་ཁྱེར་གྱིས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཙུགས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། རྨོ་བསྐྱུར་ནགས་གསོ། རྨོ་བསྐྱུར་རྩྭ་གསོ་སོགས་ཤུགས་ཆེན་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    ཕྱིར་ལས་ཀར་བསྐྱོད་པའི་པད་མ་ལོ་དྲུག་སོང་རྗེས་སླར་ཡང་ཆབ་མདོར་ལོག་སྐབས། ཁྲོམ་གཞུང་ཚང་མ་གཙང་སྦྲ་ལེགས་པ་དང་རྒྱ་ཆེན་པོ་ཡོད་པ་མ་ཟད། ད་དུང་སྔོ་ཁེབས་ཀྱིས་བརྒྱན་ཅིང་། དེ་སྔོན་སྐྱ་ཐེར་ཐེར་གྱི་ས་ཞིང་ཚང་མ་སྔོ་ལྗང་གོས་ཀྱིས་བཀླུབས་པའི་ལྗང་མདོག་གི“གླིང་ཁ་ཆེ་མོར”གྱུར་པ་མཐོང་དུས་སེམས་ལ་དགའ་ཚོར་ཚད་མེད་སྐྱེས།

    གྲངས་གཞི་ལས་པད་མའི་མཐོང་སྣང་ར་འཕྲོད་བྱུང་བ་སྟེ། 2017ལོ་དང་2019ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་རྨོ་བསྐྱུར་རྩྭ་གསོ་མུའུ་34684.04བྱས་པ་དང་། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་རྒྱ་ཁྱོན་མུའུ་ཁྲི་24.51བྱས་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་48%ཟིན་ནས་དུད་ཚང་ཁྲི་4.1དང་མི་འབོར་ཁྲི་26ལྷག་ལ་ཕན་པ་ཐོབ་ཡོད་པ་རེད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་382ཡོད་པ་དང་ནགས་ཚལ་ཁེབས་ཚད་34.78%དང་སྐྱེ་ཤིང་འཕེལ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.62ཟིན་ཡོད། མིག་སྔར་འདམ་ར་སྤྱི་ཆིང་ཁྲི་10.5ཡོད་པ་ལས་འདམ་ར་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.6116ཟིན་པ། སྲུང་སྐྱོང་ཁུལ་དང་སྤྱི་གླིང་སྣ་ཚོགས་30བསྐྲུན་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་74.3294ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་6.84%ཟིན་པ། གྲོང་ཁྱེར་ཡོངས་སུ་ནགས་ལས་དོ་དམ་སྲུང་སྐྱོང་བ་ཁྱོན་136320བསྡུས་པ་དང་། ནགས་ལས་ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་111བཙུགས་པར་ཆེད་ལས་དོ་དམ་སྲུང་སྐྱོང་བ་580ཡོད་པ་རེད།

    རྒྱལ་ལམ་317དང་318ནས་སྐྱོད་ཚེ་གཞོགས་གཉིས་སུ་གཙང་སྦྲ་དོད་པའི་སྤྱི་པའི་གསང་སྤྱོད་མི་ཉུང་བ་ཞིག་མཐོང་ཐུབ། ལྗིད་ཐེག་རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བ་བྱམས་པ་དགྲ་འདུལ་གྱིས་གྲོང་ཁྱེར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པའི་མྱོང་ཚོར་ལ“སྔོན་ཆད་ཁྲེང་ཏུའུ་དང་ཆབ་མདོའི་བར་ཕར་འགྲོ་ཚུར་འོང་བྱེད་དུས་ལམ་བར་དུ་གསང་སྤྱོད་ཉུང་ཉུང་རེད། ད་ཆ་གསང་སྤྱོད་མང་པོ་ཡོད་པ་མ་ཟད་ད་དུང་གཙང་སྦྲའང་ཡག་པོ་འདུག་པས་ཕྱིར་སྐྱོད་པའི་ལམ་དུ་གསང་སྤྱོད་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་འདུག”ཅེས་བཤད་པ་རེད།

    2020ལོར། གྲོང་ཁྱེར་ཡོངས་ཀྱིས་འཕྲོད་བསྟེན་གསང་སྤྱོད་15030སྒྱུར་བཀོད་དང་ཁྱོན་བསྡོམས་ཁྱིམ་ཚང་གསང་སྤྱོད་39080སྒྱུར་བཀོད་ཟིན་པ་དང་། ཞིང་འབྲོག་ཁུལ་དུ་འཕྲོད་བསྟེན་གསང་སྤྱོད་ཁྱབ་གདལ་ཕྱིན་ཚད་34.06%ཟིན་ཡོད་པ་རེད། 2021ལོར་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་ཁྲི་1.45སྒྱུར་བཀོད་བྱ་རྩིས་ཡོད་པ་རེད།

    སྐྱེ་ཁམས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག ཆབ་མདོ་གྲོང་ཁྱེར་གྱིས“གཙང་གསུམ་མཉམ་རྒྱུག”གི་ས་གཞི་འདིའི་ཐོག་འཚོལ་ཞིབ་དང་ལག་ལེན་གྱི་རྗེས་ཤུལ་བཞག་ཡོད། འདི་ནས་དགུང་སྔོན་དང་སྤྲིན་དཀར་ལྟ་ཐུབ་ལ། ཐང་ཆེན་དང་ཁྲོམ་གཞུང་དུ་འཆམ་འཆམ་ལའང་འགྲོ་ཆོག དེས་མ་ཟད་ད་དུང་སྔོ་ཞིང་དྭངས་བའི་རི་ཆུའི་པང་དུ་བསྐྱོད་དེ་གྲོང་ཁྱེར་གྱི་འགྱུར་ལྡོག་མྱོང་ཚོར་དང་གྲོང་ཁྱེར་གྱི་མཚན་ལྗོངས་ཀྱང་མྱོང་རོལ་བྱས་ཆོག མཐོང་ཐུབ་པའི་འཕེལ་རྒྱས་ཀྱིས་དེ་སྔོན་གྱི་ཚབ་བྱེད་པ་དང་དེ་བཞིན་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་པའི་མི་རྣམས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རེད།

    ད་ཆ་ཆབ་མདོའི་སྐྱེ་ཁམས་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མ་འོངས་པར་ཆབ་མདོས་བློ་བརྟན་འགྱུར་མེད་ངང་མུ་མཐུད་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པ་དང་གྲོང་ཁྱེར་གྱི་གནམ་གཤིས་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།