
འདི་ནི་ཡིད་འོང་ཇ་རར་ལས་མིས་ཇ་ལོ་འཐུ་བཞིན་པ།
“ང་རང་ཇ་རར་ལས་ཀ་བྱས་ནས་ལོ་30ལྷག་ཙམ་ཕྱིན་འདུག དེ་སྔོན་ལོ་གཅིག་གི་ཇ་ལོའི་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ལས་མེད། འོན་ཀྱང་། ཉེ་བའི་ལོ་ཤས་ནང་ལོ་ལྟར་ཇ་ལོའི་ཡོང་འབབ་ཁོ་ན་སྒོར་ཁྲི་4ལྷག་ཙམ་ཟིན་ནས། འཚོ་བ་རིམ་བཞིན་སྐྱིད་དུ་འགྲོ་བཞིན་འདུག”ཅེས་ཇ་ལོ་འཐུ་བཞིན་པའི་ཕུར་བུ་ཆོས་སྒྲོན་གྱིས་གསར་འགོད་པར་བརྗོད།
“དེ་སྔ་དམག་སྡེ་བཅོ་བརྒྱད་པ་དང་རྗེས་མཐུད་དཔུང་སྡེའི་དཔོན་དམག་ཁག་གཅིག་བོད་དུ་སྐྱོད་སྐབས་ཡིད་འོང་དུ་བཅའ་སྡོད་བྱས་ནས་དམག་སྦོལ་ཞིང་ར་བསྐྲུན་རྒྱུའི་འགན་འཁུར། ལོ་གསུམ་སོང་རྗེས‘མཐའ་མཚམས་གསར་སྤེལ་དང་མཐའ་མཚམས་འཛུགས་སྐྲུན’གྱི་འབོད་སྐུལ་དང་ལེན་བྱ་ཆེད། དཔུང་སྡེའི་དཔོན་དམག་གིས་སི་ཁྲོན་མོང་ཏིང་ཇ་ར་ནས་སི་ཁྲོན་གྱི་ཇ་ལོ་འབྲིང་ཆུང་གི་ཇ་ཤིང་ནང་འདྲེན་བྱས་པ་མ་ཟད་ཚོད་འདེབས་ལེགས་གྲུབ་ཀྱང་བྱུང་ཡོད། དུས་དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཅན་གྱི་ཇ་ཞིང་དང་པོ་དེ་བྱུང་ཡོད། དེ་རྗེས་ཇ་རས་ལམ་ལུགས་སྒྱུར་བཅོས་དང་། ས་གནས་ཀྱིས་རྩིས་ལེན་དོ་དམ། ཁ་གཏད་བོད་སྐྱོར་སོགས་ཀྱི་དུས་མཚམས་མང་པོ་བརྒྱུད་པ་དང་། ས་གནས་དེ་གའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དཔང་པོར་གྱུར་ཡོད”ཅེས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཡིད་འོང་ཇ་རའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའོ་ཡུས་ཐའོ་ཡིས་གསར་འགོད་པར་ངོ་སྤྲོད་བྱས།
ཇ་རའི་ནང་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཆུང་ངུ་ཞིག་འགྱིང་ངེར་གནས་ཤིང་། ཐོག་ཁང་མདུན་གྱི་རྡོ་རིང་སྟེང་བཀྲག་རྩི་དམར་པོས“དམག་དཔོན་ཐོག་ཁང”ཞེས་བྲིས་ཡོད་པས་ཐོག་ཁང་དེ་བས་མངོན་གསལ་ཆེན་པོ་ཡོད། “དམག་དཔོན་ཐོག་ཁང”ནི་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་ཀྲང་གོ་ཧྭའི་གཞུང་ལས་ཁང་དང་བཞུགས་གནས་ཡིན། ཇ་རའི་ལས་ཁུངས་ཀྱི་གཞུང་ལས་ཁང་དེ་ཡང་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་གནས་ཡུལ་ཡིན།
ཡིད་འོང་ཇ་རའི་ལས་མི་རྒན་གྲས་ཚུལ་ཁྲིམས་ཀྱིས“ང་རང་1989ལོར་ཇ་རར་ལས་བསྒྱུར་བྱས་པ་དང་། ང་དེ་གར་མ་ཡོང་གོང་ནས་ཇ་རའི་བཟོ་པ་རྒན་གྲས་ཚོས་རྒྱུན་དུ་དམག་དཔོན་ཀྲང་གོ་ཧྭའི་དཔའ་བོའི་མཛད་རྗེས་བརྗོད་པ་ཐོས་བྱུང་བས་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། ངས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་རྒྱུར་སྐུལ་མ་ཡང་ཐེབས་བྱུང”ཞེས་བརྗོད།
དུས་ཡུན་རིང་པོའི་ནང་ཡིད་འོང་ཇ་རའི་ལས་མི་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཡིད་འོང་ཇ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
ཀོང་ཏུང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་རྗེས། ཡིད་འོང་ཇ་རས་ཇ་ཤིང་རྙིང་པར་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་པ་མ་ཟད། ཡིད་འོང་ཇ་རའི་ཇའི་རིག་གནས་འགྲེམས་སྟོན་ཁང་ཡང་བཏོད་ཡོད། ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱས་པའི་རྨང་གཞིའི་འོག “ཇ་ཞིང་+འཐུ་བསྡུའི་ཉམས་ལེན”དང། “ཇ་ཞིང་+ཇ་རྩལ་ཉམས་ལེན” “གསར་བརྗེའི་ཇའི་ཡུལ་སྐོར”སོགས་ཀྱི་ཞབས་ཞུའི་རྣམ་གྲངས་བཏོན་པས། མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་ཁྲིད་ཐུབ་ཡོད།
“བོད་ལ་ཇ་ཞིང་མཛེས་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང”མ་གཞི་མུ་མཐུད་ས་ཆ་གཞན་དུ་ཡུལ་སྐོར་ལ་སྐྱོད་རྩིས་ཡོད་ཀྱང་། ཡིད་འོང་གི་མཛེས་སྡུག་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་དང་ཇ་ལོས་ཞ་མོན་གྱི་ཡུལ་སྐོར་བ་ཤའོ་མུའུ་ཡི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པས། ཁོང་གིས“སང་ཉིན་ད་དུང་ཇ་ལོ་ཉོ་བར་འགྲོ་གི་ཡིན། ཁོར་ཡུག་མཛེས་པོ་དེ་འདྲ་ལས་ཐོན་པའི་ཇ་ལོ་བྲོ་བ་ཧ་ཅང་ཡག་པོ་ཡོད་ཤས་རེད”ཅེས་བརྗོད།
ཇ་དང་ཡུལ་སྐོར་རྒྱུན་ཆད་མེད་པར་མཉམ་འདྲེས་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ཡུལ་དེ་གའི་ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་ཡང་སྔར་བས་མང་དུ་ཕྱིན་ཡོད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྔ་རྗེས་སུ་ཡིད་འོང་ལུང་གཞུང་གི་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་གི་ཁང་པ་ཧ་ཅང་དཀོན་པོ་ཡོད། དེ་ལས་ཕྱིར་གླ་པ་རྒྱུག་པར་འགྲོ་མཁན་གྱི་ཡུལ་དེ་གའི་མི་རྣམས་ཕ་ཡུལ་དུ་ཇ་ལོ་འདེབས་འཛུགས་དང་། ལས་སྣོན། བྲིན་འཚོང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཅས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
2020ལོར་ཡིད་འོང་ཇ་ར་ནས་ཁྱོན་ཇ་ལོ་རྒྱ་མ་ཁྲི་17.1ཐོན་ཏེ་ཐོན་རྫས་རིན་ཐང་སྒོར་ཁྲི་2740ཟིན་པ་དང་། ལས་བཟོས་ཇ་ལོ་བཏུས་པར་ཆ་སྙོམས་ལོར་ཡོང་འབབ་སྒོར་ཁྲི་2.2བྱུང་སྟེ་2019ལོ་ལས་37.5%འཕར་ཡོད།
2021ལོར་ཡིད་འོང་ཇ་རའི་ལོ་རྒྱུས་ཐོག་ཇ་ལོའི་ཐོན་རྫས་ཐོག་མར་ཕྱིར་གཏོང་བྱས་པ་དང་སྦྲགས། ཡིད་འོང་ཇ་ར་དེའང་བོད་ཀྱི་འགག་སྒོ་ནས་ཕྱིར་གཏོང་བྱས་པའི་བོད་ཀྱི་ཇ་ལོའི་ཁེ་ལས་དང་པོ་དེར་གྱུར་ཡོད། ཁྲོམ་ར་གསར་བརྗེས་དང་སྤུས་རྟགས་འཛུགས་སྐྱོང་ཐད་སྤུས་ཚད་མཐོ་བའི་ས་མཐོའི་ཇ་ལོ་ཕྱིར་གཏོང་གི་ཚད་གཞི་དང་རྒྱལ་སྤྱིའི་སྤུས་རྟགས་ཀྱི་ཚད་གཞི་སྦྲེལ་མཐུད་ཐུབ་པའི་ཐབས་ལམ་གསར་པ་ཞིག་བདེ་བླག་ངང་འཚོལ་ཞིབ་བྱས་ཡོད།
“འདི་ལོ་ང་ཚོས་ཡུལ་འདི་གའི་ཇ་ཤིང་གི་སྣ་ཁ་ཁག་དང་པོ་གསོ་སྤེལ་བྱ་རྒྱུ་ཡིན་པ་དེ་ཇ་རའི་ངོས་ནས་བརྗོད་ན་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཞིག་རེད། གཞན་ཡང་ཇ་ལོ་ལས་སྣོན་བཟོ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུ་དེའང་ཉིན་རེའི་གྲོས་རིམ་ནང་འཇུག་རྒྱུ་དང་ཆབས་ཅིག རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་སྤྱད་དེ་ལས་སྣོན་གྱི་བཟོ་རྩལ་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་སྒྱུར་བཀོད་བཏང་ནས་ཇ་ལོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན”“དེའི་རྨང་གཞིའི་ཐོག་ང་ཚོས་ད་དུང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི‘7+2’བོད་ཀྱི་ཁྱད་ལྡན་ཐོན་རྫས་འཛད་སྤྱོད་ཀྱི་ལས་སྟེགས་དང་ཀོང་ཏུང་ཞིང་ཆེན་གྱི་གཡོད་ལྷོ་མཉམ་སྤྱོད་འདུ་ཚོགས་ལས་སྟེགས་སྤྱོད་རྒྱུ་དང་སྦྲགས་དྲ་ཐོག་གི་ཕྱིར་འཚོང་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། ཡིད་འོང་ཇ་ལོའི་བྲིན་འཚོང་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་གཏོང་བ་དང་ཁྲོམ་ར་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་ནས། ཡིད་འོང་ཇ་རའི་ཇ་ལོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཚའོ་ཡུས་ཐའོ་ཡིས་བརྗོད།