དབུ་ཤོག>ཆེད་སྒྲིག
  • རྩལ་ནུས་སྦྱངས་ནས་འབྱུང་འགྱུར་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    ཤེས་ལྡན་མི་སྣ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་བྱས་ན། གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་མི་ཐུབ། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་ཞིང་པའི་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་བ་དང་། ཞིང་པར་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པའི་ཚན་རྩལ་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་དམིགས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་བྱང་ཚད་མཐོ་བའི་ཞིང་པའི་དཔུང་ཁག་གསར་པ་གསོ་སྐྱོང་བྱས་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཆུ་ཤུར་རྫོང་གིས་གྲོང་གསེབ་དར་རྒྱས་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། གནམ་ཤང་ལྗང་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ“ལས་རིགས་གཅིག་གིས་གཙོ་ཁྲིད་དང་ལས་རིགས་མང་པོ་འཕེལ་རྒྱས་གཏོང་བའི”བསམ་ཕྱོཌ་གཞིར་བཟུང་། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྤྱི་འདོམས་འཕེལ་རྒྱས་བཏང་བ། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བཅས་བྱས་པས་མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ་ཞིག་བྱུང་ཡོད།

    ལྗང་གྲོང་ཚོའི་ཧྲུའུ་ཅི་དང་པོ་པ་སངས་ཚེ་རིང་གིས“ཞིང་པར་ལག་ཤེས་ཡོད་པ་བྱ་ཆེད། ང་ཚོས་སྔོ་ཚལ་རྟེན་གཞིའི་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་གྲོང་མི་ཚོར་འབྲེལ་ཡོད་གསོ་སྦྱོང་བྱས་པ་ཡིན། གཞན་ཡང་གྲོང་ཚོའི་བྱང་སྐར་སྤུན་བདུན་ལག་ཤེས་བསླས་འཐག་མཉམ་ལས་ཁང་2012ལོར་བཙུགས་ཚུན། ལོ་ལྟར་གྲོང་ཚོའི་མང་ཚོགས་ལ་དུས་ངེས་མེད་དུ་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་། གསོ་སྦྱོང་གི་ནང་དོན་གྲས་སུ་མི་རིགས་ལག་ཤེས་དང་ཤིང་བཟོའི་ལག་རྩལ་སོགས་ཚུད་ཡོད”ཅེས་ངོ་སྤྲོད་བྱས།

    ལྗང་གྲོང་ཚོའི་ཉི་མས་འདི་ལོ་མའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནས་ས་ཞིང་མུའུ་70ལྷག་ཙམ་བོགས་མར་བླངས་ཏེ་སྔོ་ཚལ་དང་ཀྭ་རིགས་བཏབ་པ་རེད། ཁོང་གིས་གསར་འགོད་པར་རང་ཉིད་ཆེད་ལས་ལག་རྩལ་གྱི་གསོ་སྦྱོང་ནང་ཞུགས་རྗེས་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་ཀྱི་ལག་རྩལ་བྱང་ཆུབ་པོ་ཤེས་བྱུང་། ང་ཚོས་ཐོག་མར་མ་དངུལ་སྒོར་ཁྲི་7བཏང་བ་ཡིན། ལོ་དེ་དག་ནང་སྒོར་ཁྲི་བཅུ་གྲངས་ཁ་ཤས་རི་བའི་ཐོན་རྫས་བྲིན་སོང་ཞེས་བཤད། དྲོད་ཁང་ནང་སྔོ་ཐིང་ཐིང་གི་སྔོ་ཚལ་སྐྱེ་འཚར་ལེགས་པས་ཉི་མར་རེ་བ་ཆེན་པོ་སྦྱིན་ཡོད།

    ལྗང་གྲོང་ཚོ་ནས་ཐོན་ཏེ་ཚལ་སྣེ་ཟམ་ཆེན་བརྒྱུད་བར་ཐག་ངེས་ཅན་ཞིག་བསྐྱོད་རྗེས། མྱུར་བགྲོད་གཞུང་ལམ་དུ་སླེབས་པ་དང་། མྱུར་བགྲོད་གཞུང་ལམ་དང་བར་ཐག་མི་རིང་བའི་སར་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ཡོད། ཚལ་སྣེ་གླིང་ཁུལ་གྱི་ཨ་ནན་གྱིས་གསར་འགོད་པར་ལས་གནས་ཐོག་སྦྱོང་བརྡར་ལོ་གཅིག་བྱས་པ་བརྒྱུད་ལག་རྩལ་ཁོང་དུ་ཆུད་པ་དང་ད་ཆ་གླིང་ཁུལ་གྱི་ས་ཞིང་མུའུ་70ཡི་འདེབས་འཛུགས་ཀྱི་འགན་ཁུར་གྱི་ཡོད་ཅེས་བརྗོད།

    “མ་གཞི་འདེབས་འཛུགས་ཀྱི་བརྒྱུད་རིམ་ཆ་ཚང་ཁོང་དུ་ཆུད་ཡོད་མོད། འོན་ཀྱང་གསོ་སྦྱོང་གི་གོ་སྐབས་ཡོད་ཚེ་ང་ཧུར་ཐག་ཞུགས་ཀྱི་ཡོད། དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་མགྱོགས་པས་ངས་ངེས་པར་དུ་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཨ་ནན་གྱིས་བཤད།

    སྲོལ་རྒྱུན་གྱི་ཞིང་པ་དང་བསྡུར་ན་ཆེད་ལས་ཞིང་པ་གསར་པའི་བསམ་བློ་ཡངས་པ་དང་སློབ་གསོ་ཐོབ་ཚད་མཐོ་ཙམ་ཡོད་པ་དང་། ཁོང་ཚོས་སྦྱངས་པའི་ཤེས་བྱ་དང་ཆེད་ལས་ལག་རྩལ་ཞིང་ལས་ཐོན་སྐྱེད་ལ་སྤྱད་པས་ཞིང་ལས་ཐོན་སྐྱེད་ཀྱི་སྤུས་ཚད་ངོ་བོའི་རང་བཞིན་གྱིས་མཐོ་རུ་ཕྱིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།