ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་དུ་ཁེ་ལས་དང་། མཉམ་ལས་ཁང་། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དང་མཐར་ལུས་དུད་ཚང་ལ་སྐུལ་ཁྲིད་བྱེད་པའི“གསུམ་གྱིས་གཉིས་ཀྱི་སྣེ་ཁྲིད”བྱེད་པའི་དབུལ་སྐྱོར་བྱེད་སྟངས་ཤིག་ཆགས་ནས་ཐོན་ལས་འཕེལ་རྒྱས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ལུང་རིང་ཤང་གིས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་སྲིད་གཞུང་གིས་སྣེ་ཁྲིད་དེ“ལུང་རིང་ཤང་གི་སྐྱེལ་འདྲེན་མཉམ་ལས་ཁང”བཙུགས་པ་རེད།
ཤང་སྲིད་གཞུང་གི་སྣེ་ཁྲིད་འོག མ་རྐང་ནང་ཞུགས་ནས་བགོ་འགྲེམས་རྒྱག་པ་དང་། རྩྭ་ར་བརྒྱུད་བཤུག་བྱེད་པ། ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བ་སོགས་བརྒྱུད། ལུང་རིང་ཤང་གི་མཉམ་སྡེབ་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། མིག་སྔར་ཀོ་ཁྱིམ་གྲོང་ཚོ་དང་། མཆོད་རྟེན་ར་མགོ་གྲོང་ཚོ། ལུང་རིང་གྲོང་ཚོ་བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་523.8དང་། སྒོར་ཁྲི་143.4 སྒོར་ཁྲི་98བཅས་སོ་སོར་ཟིན་པ་དང་ལྷག་དོན་དུ་ལུང་རིང་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར“མེད་པ་ནས་ཡོད་པའི”བར་གྱི་ཚད་བརྒལ་བྱུང་བ་རེད།
“ཏང་ཡོན་ཞིག་ནི་དར་ཆ་ཞིག་དང་ཀྲི་པུའུ་ཞིག་ནི་མཁར་རྫོང་ཞིག་རེད། ཉེ་བའི་ལོ་གཉིས་ནང་། ང་ཚོས་ཤང་དང་གྲོང་ཚོ་རིམ་གཉིས་སྲིད་དོན་ཞབས་ཞུའི་ལྟེ་གནས་བཙུགས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་། ‘དྲ་སྦྲེལ+སྲིད་དོན་ཞབས་ཞུ’དང་མང་ཚོགས་ཀྱི་བྱ་བ་ཚབ་སྒྲུབ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དེ་དང་ཆབས་ཅིག་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཤང་ཏང་ཨུད་ཀྱི་ལས་ཀའི་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ནས་ཚན་ཁག་གི་ཁོངས་མིར་འགན་སྒྲུབ་ཉིན་ཐོ་སྤྲད་དེ། ཟླ་རེར་ཤང་ཏང་ཨུད་ལ་ལས་ཀའི་གྲོས་འགོ་གཅིག་འདོན་དགོས་པ་དང་དམངས་འཚོའི་བྱ་བ་དངོས་གཅིག་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ནས་ལས་སྒྲུབ་ལས་གཏོད་བྱེད་སེམས་ཟམ་མི་ཆད་པར་འཕེལ་བར་བྱས་ཏེ། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབས་ཡོད། ཡུན་རིང་མཐའ་འཁྱོངས་བྱས་པ་བརྒྱུད། ཤང་ཏང་ཨུད་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་ཕྱིན་པ་དང་། ཐོན་ལས་འཕེལ་རྒྱས་སོང་བ། དཔལ་འབྱོར་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྣེ་ཁྲིད་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད”ཅེས་ལུང་རིང་ཤང་གི་འབྲེལ་ཡོད་འགན་འཁུར་བས་བཤད།
“སྐྱེ་ཁམས་དབུལ་སྐྱོར་གྱི་ཁ་གསབ་མང་དུ་འགྲོ་བཞིན་ཡོད་པས་འཚོ་བའང་ཉིན་རེ་བཞིན་ལེགས་སུ་འགྲོ་ངེས་རེད”“དངུལ་བུན་གཡར་ཏེ་རླངས་འཁོར་རུ་ཁག་སྟོབས་ཆེར་བཏང་བས་སྐྱེལ་འདྲེན་གཉེར་སྐྱོང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་ལེགས་སུ་ཕྱིན་སོང” “བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་རམ་འོག་ངའི་ཁྱིམ་གྱི་ཚགས་ཤ་ལྗོངས་ཕྱིར་བཙོངས་ཐུབ་སོང”ཞེས་པ་སོགས་མཆོད་རྟེན་ར་མགོ་གྲོང་ཚོའི་གྲོང་མི་ཚོའི་སྐད་ཆ་ལས་ལོ་དེ་དག་ནང་བྱུང་བའི་དགའ་འོས་པའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་རེ་རེ་དང་བདེ་སྐྱིད་ལྡན་པའི་འདམ་གཞུང་རྫོང་མིག་ལམ་དུ་འཆར།