དབུ་ཤོག>ཆེད་སྒྲིག
  • གུར་ཆུང་བརྒྱབ་ནས་དཔལ་འབྱོར་གོང་འཕེལ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    ཉིན་ཤས་གོང་། གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་གཡང་སྐྱིད་གླིང་ཁར་སྐྱོད་སྐབས་གཞས་གཏོང་བཞིན་པའི“མ་བྱན”ཞིག་མཐོང་བ་ནི་ལོ་55ལ་སླེབས་པའི་ཀོང་པོའི་དམངས་གཞས་རྒྱུན་འཛིན་པ་དར་རྒྱས་རེད་འདུག

    དར་རྒྱས་ནི་གཡང་སྐྱིད་གླིང་ཁའི“འཇོན་ཐང་ཅན”ཞིག་ཡིན་ཞིང་། དུས་རྒྱུན་ཁོང་གིས་མ་བྱན་བྱེད་པ་མ་ཟད། ཚོང་ཁང་ཆུང་ཆུང་ཞིག་ཀྱང་གཉེར་བཞིན་ཡོད། དར་རྒྱས་ཀྱིས“ང་ཚོའི་གླིང་ཁའི་ལས་ཀ་ནི་རེས་སྐོར་ལམ་ལུགས་ཡིན་པས་ཉིན་རེར་ལས་ཀ་སྣ་གཅིག་འགན་འཁུར་ན་འགྲིག་པ་དང་། ཉིན་རེར་གླ་ཆ་སྒོར་150ནས་180བར་ལེན་རྒྱུ་ཡོད། ཁོམ་པ་ཡོད་དུས་ཀོང་ཆས་བཟོས་ནས་འཚོང་གི་ཡོད། དེའི་ཁར་ཡོང་འབབ་གཞན་དག་བསྣན་ན་ངའི་ཁྱིམ་དུ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད་པས་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    2020ལོར་སྤྲིན་པ་གྲོང་ཚོས་ས་བཟུང་རྒྱ་ཁྱོན་མུའུ་25ཙམ་ཟིན་པའི་གཡང་སྐྱིད་གླིང་ཁ་གཉེར་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་30དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མ་དངུལ་སྒོར་ཁྲི་60བཏང་བ་རེད། ཡུལ་ལྗོངས་ལྟ་ན་སྡུག་པ་དང་། གཙང་སྦྲ་དོད་པ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་བཅས་ཀྱི་གླིང་ཁ་དེ་ལོ་དེ་གའི་ཟླ་4ཚེས་1ཉིན་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། གྲོང་མིས་གླིང་ཁར་གཙང་སྦྲ་དང་། ཞབས་ཞུ་སྣེ་ལེན། བོད་ཟས་བཟོ་བ་སོགས་ཀྱི་ལས་ཀ་རེས་མོས་ངང་བྱེད་ཀྱི་ཡོད། “2020ལོར་གཡང་སྐྱིད་གླིང་ཁའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་40ལྷག་ཙམ་ཟིན་ནས་གྲོང་མི་དུད་ཚང་45ལ་ཆ་སྙོམས་འབབ་འཕར་སྒོར་6500ཟིན་པར་སྐུལ་ཁྲིད་བྱས་ཡོད”ཅེས་སྤྲིན་པ་གྲོང་ཚོའི་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ཆོན་མེ་རུང་གིས་བཤད།

    གླིང་ཁའི་འཕྲང་ལམ་དུ་སྐྱོད་སྐབས་གསར་འགོད་པས་གུར་གྱི་སྟེང“སྔོན་མངགས་བྱས་ཟིན”ཞེས་པའི་བྱང་བུ་བཀལ་ཡོད་པ་མཐོང་བྱུང་། གུར་ཁ་ཤས་ནང་ནས་སྐུ་མགྲོན་ཚོའི་དགོད་སྒྲ་ལྷང་ལྷང་དུ་གྲགས་ཡོང་གི་འདུག “སྤྲིན་པ་གྲོང་ཚོའི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ལས་གྲོང་ཁྱེར་ནང་གི་མི་དང་ཉེ་འགྲམ་གྱི་མང་ཚོགས་མང་པོ་ཞིག་འདི་གར་གཟའ་མཇུག་གཏོང་བར་ཡོང་བའི་ཡིད་དབང་བཀུག་ནས་ང་ཚོའི་ཚོང་ཡང་ཡག་པོ་འདུག”ཅེས་ཆོན་མེ་རུང་གིས་བཤད།

    དེ་གོང་སྤྲིན་པ་གྲོང་ཚོར“གསེར་རི”ཡོད་ཀྱང་དབུལ་པོའི་གནས་ལས་སྒྲོལ་ཐུབ་མེད། “དེ་སྔ་དེ་གར་སྔོ་ལྗང་རི་ཀླུང་ཡོད་མོད། འོན་ཀྱང་རང་བྱུང་ཐོན་ཁུངས་དེ་འདྲར་བརྟེན་ནས་གྲོང་མིའི་ལྟོ་གོས་འཕྱིད་ཙམ་ལས་མེད”དེ་སྔ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་མཐའ་འཁོར་གྱི་གྲོང་ཚོ་ལས་དམའ་བ་ཡོད་ཅེས་སྤྲིན་པ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཕག་སྐྱག་གིས་གསར་འགོད་པར་བཤད།

    ཉེ་བའི་ལོ་ཤས་རིང་། སྤྲིན་པ་གྲོང་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་པ་དང་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ཧུར་ཐག་བྱས་ཏེ“གླིང་ཁའི་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་བཏང་བས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་གྲོང་ཚོར་གྱུར། 2020ལོར་སྤྲིན་པ་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1548.68ཟིན་པ་དང་། དཔལ་འབྱོར་གྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་850.72ཟིན་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.45ཟིན་ནས་ཡོང་འབབ་མང་དུ་ཕྱིན་པའི་གྲོང་མིས་རླངས་འཁོར་ཉོས་པ་དང་ཁང་པ་གསར་པ་བརྒྱབ་ནས་འཚོ་བ་དེ་བས་སྐྱིད་པ་སྐྱེལ་གྱི་ཡོད།

    ད་ཆ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་སོང་ནས་ཕན་པ་ཐོབ་པའི་སྤྲིན་པ་གྲོང་ཚོས་རྣམ་གྲངས་གསར་པ་འཆར་འགོད་བྱེད་བཞིན་ཡོད་ཅིང་། ཕག་སྐྱག་གིས“འདི་ལོ་ང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་མ་དངུལ་སྒོར་ཁྲི་200བསྡུ་སྒྲིལ་བྱས་ནས‘མི་ངོ་མའི་ཁཱ་ཏིང་རླངས་འཁོར’གྱི་རྣམ་གྲངས་མང་དུ་བཏང་ཡོད”ཅེས་བཤད། གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། སྤྲིན་པ་གྲོང་ཚོས་གྲོང་མིར་གྲོང་གསེབ་ཡུལ་སྐོར་གྱི་ཡོང་འབབ་གསོག་ཏུ་བཅུག་ནས“གླིང་ཁར་བརྟེན་ནས་ཕྱུག་འགྱུར”གྱི་ལམ་བུའི་ཐོག་བསྐྱོད་པས་ཐོན་ལས་དར་རྒྱས་དང་། ཁོར་ཡུག་མཛེས་པ། གྲོང་མི་ཕྱུག་འགྱུར་བཅས་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།