བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཀྱི་ངོས་ནས་སྐུ་ངོ་མ་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དེ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་གང་ལེགས་མཚོན་ཡོད།
བོད་དུ་གཟིགས་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་ཕེབས་པའི་ས་ཚུགས་དང་པོ་དེ་ཉིང་ཁྲིར་བཀོད་སྒྲིག་གནང་ཡོད། ཁོང་གིས་ཉིང་ཁྲིའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་བོ་འབབ་རྒྱུད་བཅོས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཡར་ཉང་འདམ་རར་ཁོང་གིས་གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་སྟེ་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ལ་སྤྱི་འདོམས་བྱས་ནས་འདི་གའི་སྲོག་ཆགས་དང་། རྩི་ཤིང་། ཆུ་མོ། རི་ཀླུང་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་དང་།
ཉིང་ཁྲིའི་མེ་འཁོར་བབས་ཚུགས་སུ་ནུབ་རྒྱུད་ཀྱི་མཐའ་མཚམས་ལྕགས་ལམ་དྲ་བ་བསྐྲུན་པར་སྤྱི་འདོམས་འཆར་འགོད་ཡག་པོ་བྱས་ནས། རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱ་ཆེའི་མི་དམངས་མང་ཚོཌ་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་པའི་ནན་བཤད་གནང་ཡོད།
བྱམས་བརྩེའི་ཐུགས་ཁུར་ནང་བརྩེ་སེམས་ཟབ་མོ་འཆང་བ་དང་མངགས་བཅོལ་ཟབ་མོར་རེ་བ་ཆེན་པོ་བཅོལ་གནང་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དུས་རབས་གསར་པའི་ཉིང་ཁྲིའི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད།
ཉིང་ཁྲི་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་སྐབས་ཉིང་ཁྲི་གྲོང་ཁྱེར་གྱིས་གཤམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་སྟེ།
བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་དེ་རྒྱུན་སྲིང་ལྷོད་མེད་ངང་འཁུར་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་ཀྱི་ཐོག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”གཞི་རྟེན་དུ་བྱས་ནས་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་དང་ཏང་གི་བཀའ་དྲིན་ཚོར་བ་སོགས་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་གཏིང་ཟབ་ཏུ་གཏོང་བ། “ཚད་གཞི་བཞི”དང“ཕན་འདོགས་པ་ལྔ”བླང་བྱར་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས།
དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས“ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”གི་བླང་བྱ་གཞིར་བཟུང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་ལས་ཀའི་བྱ་ཐབས་སུ་བཟུང་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ཀྱི་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་དང་། བོད་ཕག ཇ་ལོ་སོགས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་ཞུགས་དང་། སྨན་བཅོས། སློབ་ཞུགས་སོགས་དམངས་འཚོའི་བྱ་གཞག་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཟབ་ཏུ་གཏོང་དགོས།
སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་སྲིང་ལྷོད་མེད་ངང་བརྟན་པོ་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བྱེད་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་དགོས།
རྒྱལ་ཁབ་བདེ་འཇགས་ཀྱི་འགོག་རགས་དང་པོ་རྒྱུན་སྲིང་ལྷོད་མེད་ངང་བརྟན་དུ་བཏང་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། མི་རྒྱུ་དངོས་གསུམ་དེ་བས་མང་བ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕྱོགས་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ། དམག་དམངས་མཉམ་འདྲེས་དང་འཕེལ་རྒྱས་གཏིང་ཟབ་ལ་མུ་མཐུད་སྐུལ་འདེད་གཏོང་བ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།“ཐུན་མོང་ལྔ་དང་བརྟན་གཏོང་ལྔའི”བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱིས་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ནས“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”པའི་ཉིང་ཁྲིའི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་གསུངས་པ་རེད།