ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་བའི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོ་རྒྱས་བཤད་གཏིང་ཟབ་བྱས་པ་རེད།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་སུ་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལིའུ་ཁའེ་ཧྥ་ཡིས་འགོ་བརྗོད་དུ《སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས》ཞེས་འཁོད་པའི་ཆེད་དོན་སྙན་ཞུ་གནང་བ་རེད། སྒྲོག་འགྲེལ་ནན་ཏན་ངང་ཉན་རྗེས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲོམ་ར་ཞིབ་བཤེར་ཆེད་མི་པ་སངས་སྒྲོལ་དཀར་གྱིས“དེ་རིང་སྒྲོག་འགྲེལ་དགེ་རྒན་གྱི་འགྲེལ་བཤད་ཉན་རྗེས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཤེས་རྟོགས་དེ་བས་ཟབ་མོ་བྱུང་ནས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་མུ་མཐུད་འབད་འཐབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་སེམས་བརྟན་པོ་བྱེད་མཁན་ཞིག་དང་ཟོལ་མེད་ཀྱི་ལག་བསྟར་བྱེད་མཁན་ཞིག་རང་འགུལ་ངང་བྱས་ནས། སློབ་སྦྱོང་གི་ཕན་འབྲས་ཁྲོམ་ར་ལྟ་འདོམས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་ཏན་ཏིག་འགྱུར་བ་བྱ་རྒྱུ་ཡིན”ཞེས་བརྗོད།
ཚེས་23ཉིན་གྱི་ཕྱི་དྲོ་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལྗོངས་ཐད་གཏོགས་ལས་ཁུངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞོན་ནུ་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལེའང་ཉིང་གདན་དྲངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གི་གུང་གཞོན་སྡེ་ཚོགས་ལས་དོན་གྱི་འགན་འཁུར་བློ་མཐུན་ལ་སྒྲོག་འགྲེལ་བྱས་པ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སྲིད་ཇུས་ཁྲིམས་སྲོལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལུང་ཀྲེང་ཅི་ཡིས“ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས’ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རང་འཁྲིའི་ལས་ཀ་ཧུར་ཐག་བསྒྲུབས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད།
ཉིན་ཤས་གོང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལྗོངས་ཏང་ཨུད་ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་གསོའི་དགེ་རྒན་ཚོགས་པའི་ཚོགས་གཙོ་ཧྥན་ལེ་གདན་དྲངས་ནས་ཆེད་དོན་སྒྲོག་འགྲེལ་ཟུར་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། སྒྲོག་འགྲེལ་ཚོགས་འདུའི་ཐོག ཚང་མས་ནན་ཏན་ངང་ཉན་པ་དང་ཟིན་བྲིས་ཞིབ་ཕྲ་བཀོད་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་རྩིས་བཤེར་པུའི་ཕྱོགས་བསྡུས་རྩིས་བཤེར་ཁྲུའི་ཁྲུའུ་ཀྲང་ལུང་ཅན་ཆའོ་ལ་བོད་དུ་ལས་ཀ་བྱས་ནས་ལོ་བཅུ་སོང་རིང་ཏང་གི་འགོ་ཁྲིད་འོག་བོད་དར་རྒྱས་གོང་འཕེལ་བྱུང་ནས། བོད་ཀྱི་གློག་དྲ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།