པ་སངས་1934ལོར་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ཞིང་བྲན་གྱི་ཁྱིམ་དུ་སྐྱེས། པཱ་ལགས་སྔ་ས་ནས་གྲོངས་པ་དང་ཆུང་དུས་ཨ་མ་དང་མཉམ་དུ་མངའ་བདག་གི་གཡོག་རྒྱུག་པར་འགྲོ་དགོས་པ་དང་གཅེན་པོ་གཉིས་ཀྱང་མངའ་བདག་གི་ལུག་རྫི་དང་རྟ་རྫི་བྱེད་དགོས་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད།
དུས་རབས་གོང་མའི་ལོ་རབས་50པར་བཅིངས་འགྲོལ་དམག་པ་སངས་ཀྱི་ཕ་ཡུལ་དུ་སླེབས་པ་དང་པ་སངས་ཀྱིས་སེམས་ཐག་བཅད་དེ་བཅིངས་འགྲོལ་དམག་ལ་ཞུགས། དམག་ལ་ཞུགས་དོན་སྐོར་གླེང་སྐབས་པ་སངས་ཀྱིས་གཏམ་རྒྱུད་འདི་འདྲ་ཞིག་བརྗོད་བྱུང་།
1956ལོར་བཅིངས་འགྲོལ་དམག་ལྷ་རྩེ་རྫོང་དུ་འབྱོར་བ་དང་ལོ་20ལ་སླེབས་པའི་ན་གཞོན་དེས་དམག་ལ་ཞུགས་རྒྱུའི་སེམས་ཐག་བཅད། “ང་ཚོ་ནང་མི་ཚང་མས་མངའ་བདག་གི་ཁྱིམ་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཀྱང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད་ལ། གོས་ལུས་པོ་དྲོས་པ་ཞིག་ཀྱང་གྱོན་རྒྱུ་མེད། ང་སྡུག་པོ་དེ་འདྲ་མྱོང་འདོད་མེད་པར་གྲོང་ཚོའི་གཞོན་ནུ་མང་པོ་ཞིག་དམག་ལ་ཞུགས་པ་མཐོང་སྐབས་ང་ཡང་འགྲོ་འདོད་ཆེན་པོ་བྱུང”ཞེས་བརྗོད། དེ་ལྟར་ཨ་མ་དང་གཅེན་པོ་ཚོ་དང་གྲོས་བྱས་རྗེས་པ་སངས་ཀྱིས་སེམས་ཐག་བཅད་ནས་དམག་ལ་ཞུགས་པ་རེད།
1956ལོའི་ཟླ་གསུམ་པར་པ་སངས་གཞིས་རྩེའི་རང་ཚུགས་དམག་སྒར་གྱི་བཅིངས་འགྲོལ་དམག་གི་འཐབ་འཛིང་པར་གྱུར་ཅིང་། དཔུང་སྡེར་ཞུགས་པའི་ཐོག་མའི་དུས་སུ་ཁོང་གི་སེམས་ལ་དངངས་སྐྲག་དང་བདེ་སྐྱིད་ཀྱི་ཚོར་སྣང་ཅིག་ཅར་དུ་བྱུང་ཡོད།
“དཔུང་སྡེར་ཟ་སྡོད་འགན་ལེན་ཐུབ་པ་དང་ད་དུང་རིག་གནས་དང་སྲིད་ཇུས་སློབ་པ་མ་ཟད། འཇོན་ཐང་ཡང་འཕེལ་ཐུབ་པས་ངས་ངེས་པར་དུ་ལས་ཀ་ཡག་པོ་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་དགའ་ཞིང་སྤྲོ་ཞིང་དམག་དཔུང་གི་འཚོ་བའི་སྐོར་བརྗོད་བྱུང་།
ལས་དོན་ལ་སྟབས་བདེ་ཡོང་ཆེད། པ་སངས་ཀྱིས་ལེན་ཤོག་ཏུ་རྒྱ་ཡིག་སྦྱངས་ནས་སྐད་སྒྱུར་བྱེད་པ་དང་འཐབ་འཛིང་པ་ཚོར་བོད་སྐད་སློབ་ཀྱི་ཡོད།
ལོ་གཉིས་ཀྱི་དུས་ཚོད་ནང་པ་སངས་འཐབ་འཛིང་པ་དཀྱུས་མ་ཞིག་ནས་མེ་མདའ་སྦག་སྦག་པན་གྱི་པན་ཀྲང་དང་ལེན་ཤོག་གི་ཕའེ་ཀྲང་གཞོན་པར་བསྐོས་ཤིང་། ཁོང་ཡར་རྒྱས་དེ་འདྲ་བྱུང་བ་མཐོང་སྐབས་འཐབ་འཛིང་པ་གཞན་ཚོ་ཡིད་སྨོན་ཆེན་པོ་སྐྱེས།
པ་སངས་ནི་ཕུལ་བྱུང་གི་དམག་མི་ཞིག་རེད་ལ། བློ་ཁོག་ཆེ་བ་མ་ཟད། ཇུས་འདོན་རྒྱུར་བྱང་ཞིང་། ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཡིད་ཆེས་ཀྱིས་ཁེངས་བཞིན་འཚོ་བའི་གསར་པ་བསུ་བའི་སྐབས་སུ། ཁ་ཕྲལ་ལོག་སྤྱོད་པས་ངོ་ལོག་ཟིང་འཁྲུགས་བསླངས། ངོ་ལོག་པས་གང་སར་མི་གསོད་འཕྲོག་བཅོམ་གྱི་ནམ་མཁར་མི་གཤོང་བའི་སྡིག་ཉེས་བསགས། སྐབས་དེ་དུས་པ་སངས་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་ངོ་ལོག་ཟིང་འཁྲུག་སློང་མཁན་འདུལ་བའི་དམག་འཐབ་ལ་ཞུགས། 1959ལོའི་ཟླ་དགུ་པར་ངོ་ལོག་ཟིང་འཁྲུག་སློང་མཁན་འདུལ་བའི་དམག་འཐབ་ནང་པ་སངས་ཀྱི་རྐང་པ་རྨས། རྨས་སྐྱོན་དྲག་སྐྱེད་བྱུང་མ་ཐག་འཕྲལ་མར་དཔུང་སྡེར་ལོག
1961ལོར་དཔུང་སྡེས་ཁོང་བོད་དམག་ཁུལ་ཁང་དཔལ་སྡིངས་ལས་བྱེད་སློབ་གྲྭར་སློབ་སྦྱོང་བྱེད་པར་བཏང་། སློབ་གྲྭ་ཐོན་རྗེས། ཁོང་བོད་དམག་ཁུལ་ཁང་རྐང་དམག་ཐོན་ཤོག་157གྱི་ཕའེ་ཀྲང་ལ་བསྐོས་པ་རེད།
1962ལོར་པ་སངས་དམག་དཔུང་དང་མཉམ་དུ་དམག་འཐབ་ལ་ཞུགས་སྐབས། དཔུང་པར་རྨས་སྐྱོན་ཕོག པ་དང་། “ཕྱི་རྒྱལ་གྱི་དམག་མིས་ང་ཚོའི་རྒྱལ་ཁབ་ལ་བཙན་འཛུལ་བྱེད་དུ་བཅུག་ན་ག་ནས་འགྲིག ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དམག་མི་ཞིག་ཡིན་པའི་ང་ཚོས་མདུན་དུ་ཤོར་ནས་ཤི་དགོས་བྱུང་ཡང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུའི་བློ་ཐག་བཅད་པ་ཡིན། ང་ཚོས་བཀའ་རྒྱ་དང་བཀོད་འདོམས་ལ་ཉན་ནས་ཤི་རྒྱུར་མི་སྐྲག་པར་དཔའ་ངར་ཞུམ་མེད་ཀྱིས་དམག་འཐབ་ནང་ཞུགས་པ་ཡིན”ཞེས་པ་སངས་ཀྱིས་བརྗོད་བྱུང་།
ཐེངས་དེའི་དམག་འཐབ་ནང་པ་སངས་ཀྱིས་དཔའ་ངར་ཆེན་པོས་དམག་འཐབ་ནང་ཞུགས་ནས་བྱས་རྗེས་བཞག་པར་བརྟེན་བོད་དམག་ཁུལ་ཁང་གིས་ཁོང་ལ་བྱས་རྗེས་རིམ་པ་གཉིས་པའི་བྱས་རྗེས་གཟེངས་རྟགས་སྤྲད་པ་རེད།
1963ལོ་ནས་1980ལོ་བར་པ་སངས་སྔ་རྗེས་སུ་ཕའེ་ཀྲང་དང་། རུ་དཔོན། ཁྲུའུ་ཀྲང་བཅས་ཀྱི་འགན་འཁུར་བ་མ་ཟད། ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱས་པས་བྱ་དགའ་ཐེངས་མང་ཐོབ་པ་དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཞག་ཡོད།
གཟི་བརྗིད་དེ་དག་ནི་ཏང་དང་མི་དམངས་ཀྱིས་གནང་བ་ཞིག་ཡིན་པ་ཁོང་གིས་གསལ་པོར་ཤེས་ཀྱི་ཡོད། 1981ལོར་ཁོང་ཉིང་ཁྲི་རྫོང་མི་དམངས་སྨན་ཁང་དུ་ལས་སྒྱུར་བྱས་ནས་ཡོན་ཀྲང་གཞོན་པའི་འགན་འཁུར། 1983ལོར་གོང་རིམ་གྱི་བཀོད་སྒྲིག་གཞིར་བཟུང་ཁོང་ཉིང་ཁྲི་རྫོང་སྲིད་གྲོས་སུ་ལས་སྒྱུར་བྱས་པ་དང་། 1991ལོར་རྒན་ཡོལ་ཞུས།
“སྐབས་དེ་དུས་གླ་ཕོགས་མཐོ་པོ་མེད་ལ། ལས་ཀའི་ཆ་རྐྱེན་ཡང་ཧ་ཅང་སྐྱོ་པོ་ཡོད། འོན་ཀྱང་འཁང་ར་བྱེད་མཁན་གཅིག་ཀྱང་མེད་ལ། བོད་འཛུགས་སྐྲུན་བྱེད་པའི་ཚང་མའི་ཧུར་སེམས་ཆེན་པོ་ཡོད”ཅེས་པ་སངས་ཀྱིས་བརྗོད་བྱུང་།
ལོ་ངོ་70ཡི་འགྱུར་ལྡོག་ལ་དཔང་པོ་བྱེད་བཞིན་ཁོང་གིས་དགའ་ཚོར་ཆེན་པོས“ཞིང་བྲན་གྱི་ཕྲུ་གུ་ཞིག་ནས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དང་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་བའི་བར་གྱི་ངའི་འཚར་ལོངས་ལོ་རྒྱུས་ལས། ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོ་ཞིང་བྲན་ཚོར་བཅིངས་འགྲོལ་བཏང་ནས་བདེ་སྐྱིད་འཚོ་བ་གནང་བ་གསལ་བཤད་བྱེད་ཐུབ། ཏང་གིས་ང་ཚོ་དྲིན་གྱིས་བསྐྱངས་པས་ང་ཚོས་ཏང་གི་བཀའ་དྲིན་བརྗེད་མི་རུང་། བོད་ཀྱི་ད་ཆའི་འགྱུར་ལྡོག་དེ་སྔོན་མ་བསམ་ཡང་བསམས་མི་ཕོད་པ་ཞིག་རེད”ཅེས་བརྗོད་བྱུང་།
“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། ཏང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་དགོས” བོད་ལྗོངས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་སེར་རྣམས་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཞིག་ཡིན། ན་གཞོན་ཚོས་མི་རབས་རྒན་གྲས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་མུ་མཐུད་མདུན་སྐྱོད་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་བརྗོད།