འདི་ནི་གནམ་རུ་གྲོང་ཚོའི་ཚོགས་ཆུང་3པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྡོད་ཁང་གསར་པ་ཡིན་པ།
དེ་ནི་གྲོང་རྡལ་ཞིག་རེད་ཅེས་བརྗོད་ན་ཅུང་ཐལ་དྲགས་ཤིང་། དེ་ནི་རྣམ་པ་རགས་ཙམ་ལས་གྲུབ་མེད་པའི་གྲོང་སྡེ་ཆེན་པོ་ཞིག་སྟེ། མངའ་རིས་རྫོང་དཔོན་གྱི་དབྱར་ས་དང་བཞུགས་གླིང་དགུན་ས་ཤང་ཞེས་པ་དེ་རེད། སྐབས་དེ་དུས་ཕྱི་དྲོ་ཡིན་པས་རྒྱང་ནས་བལྟས་ཚེ། གྲོང་སྡེ་ཆུང་ངུ་དེར་རྡོ་ཁང་བཅུ་གྲངས་དང་མི་བརྒྱ་གྲངས་ལས་མཐོང་རྒྱུ་མེད།
—— 《ཧི་མ་ལ་ཡའི་མཛད་རྗེས་རྡོ་རིང》ལས་བཏུས།
ལོ་70ཡི་གོང་། ལོ་18ལ་སླེབས་པའི་དཔལ་སྐྱིད་ཀྱིས་སྐར་ལྔའི་དར་དམར་འཁྱེར་བའི་སྔོན་སྐྱོད་ལེན་ཤོག་སྒར་དུ་འབྱོར་བ་མཐོང་སྐབས། ལོ་ན་ཕྲ་བའི་ཁོ་མོས་ཡ་མཚན་སྐྱེ་བཞིན་དུ་ཆས་གོས་མི་འདྲ་བ་གྱོན་པའི་དཔུང་སྡེ་དེར་རྒྱང་ལྟ་བྱས་རུང་། དེ་ནི་རང་ཉིད་ཀྱི་ལས་དབང་དང་མི་ཚེར་འགྱུར་ལྡོག་གཏོང་མཁན་ཡིན་པ་ག་ལ་ཤེས།
ལོ་70ཡི་རྗེས། ལོ་88ལ་སླེབས་པའི་དཔལ་སྐྱིད་དབྱར་ས་རྩྭ་ཐང་དུ་ཡངས་ཤིང་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་ཟས་གོས་ལ་སེམས་ཁྲལ་མེད་པར་ཚེ་མཇུག་སྐྱིད་ལ་རོལ་བཞིན་མཆིས།
ལོ་70ཡི་གོང་། གཞིས་རྩེའི་ཕོ་གསར་ལྕགས་ར་སྲིད་པ་གཞིས་རྩེ་ནས་ཐག་རིང་སྒར་དུ་འཚོ་ཐབས་གཉེར་བར་ཡོང་བ་མ་ཟད། ཡུལ་དེའི་བུ་མོ་དཔལ་སྐྱིད་དང་ངོ་ཤེས་ནས་ཁྱིམ་གཞིས་བཟུང་། དེ་ལྟར་ལྕགས་ར་སྲིད་པས་སྒར་རྫོང་དཔོན་གྱི་སར་ཁྲལ་དང་འུ་ལག་རྒྱུག་ནས་གཟིམ་དཔོན་བྱས་པ་དང་། དཔལ་སྐྱིད་ཀྱིས་ལུག་རྫི་བྱས།
ཁ་ནས་གཟིམ་དཔོན་ཟེར་རུང་དོན་དུ་ལྕགས་ར་སྲིད་པ་ནི་ཁོ་ཚོའི་གཡོག་པོ་འཁྲུལ་མེད་ཅིག་རེད། ཉིན་ལྟར་ཞོགས་པ་འགོ་དཔོན་མལ་ལས་ལངས་མ་ཐག་ཉལ་ཆས་བསྡུ་བར་འགྲོ་དགོས་པ་དང་། དེ་ནས་ཞོགས་ཇ་སྐྱེལ་བ་དང་། གོས་བཀྲུ་བ། ལྟོ་གཡོག་བྱེད་པ་སོགས་མཚན་མོ་མ་ཉལ་བར་ཉིན་གང་པོ་འགོ་དཔོན་གྱི་སྐུ་བཅར་བྱེད་དགོས་ཀྱི་ཡོད། ཉིན་གཅིག་གི་ལས་ཀ་ཚང་མ་ཚར་རྗེས་ད་གཟོད་ཁོང་འཁྲིས་ཀྱི་གཡོག་པོ་སྡོད་སར་ངལ་གསོ་བར་འགྲོ་ཆོག་པ་དང་ནམ་གུང་ལ་ད་དུང་འོན་སེང་བྱེད་དགོས་ཀྱི་ཡོད།
སྐབས་དེ་དུས་བཟའ་ཚོ་གཉིས་པོར་སྒར་གྱི་ཉེ་འགྲམ་དུ་སྨི་ངོས་གྲུ་20ཡང་མི་ཟིན་པའི་ས་ཕག་གི་ཁང་པ་ཞིག་ཡོད་པ་དེ་སྒར་དཔོན་གྱི་གཟིམ་ཤག་དང་ཐག་ཉེ་མོད། འོན་ཀྱང་ལྕགས་ར་སྲིད་པ་ལོ་དང་ཟླ་བ་བསྟུད་མར་ཁྱིམ་དུ་ལོག་ཐབས་མེད་པ་དང་། མཚམས་རེ་ཐེངས་རེ་ལོག་ཀྱང་དཔལ་སྐྱིད་དང་ཐུག་ཙམ་ལས་བྱེད་ཁོམ་མེད་པར་ལམ་སེང་ལོག་དགོས་སྟབས། རྒྱུན་གཏན་གྱི་ཁྱིམ་ཚང་གི་འཚོ་བ་སྐྱེལ་ཐབས་བྲལ།
དཔལ་སྐྱིད་ཀྱིས་མི་ཚེ་གང་པོ་འཚོ་བ་འདི་ལྟར་སྐྱེལ་དགོས་འཁེལ་གྱི་རེད་སྙམ། མ་གཞི་འཚོ་བ་དཀའ་སྡུག་ཆེ་རུང་སྟབས་ལེགས་པ་ཞིག་ལ་འགོ་དཔོན་གྱིས་ཁོ་ཚོར་ཉེས་རྡུང་དང་གཤེ་གཤེ་དེ་ཙམ་གཏོང་གི་མེད་པས་བཟོད་ཐུབ་ཙམ་ཡོད། མ་ཟད་མི་སེར་ཚང་མར་ལས་སྐལ་དེ་ལས་མེད་པས་ཁོ་ཚོ་སྔ་ས་ནས་གོམས་ཟིན།
སྔོན་སྐྱོད་ལེན་ཤོག་སྒར་དུ་བཅའ་སྡོད་བྱས་ནས་མངའ་རིས་ཞི་བས་བཅིངས་འགྲོལ་བཏང་རྗེས། རྫོང་དཔོན་གྱིས་ཁོང་ཚོར་སྔོན་མ་ནང་བཞིན་གྱི་བཤུ་གཞོག་དང་གཉའ་གནོན་གཏོང་གི་མེད་པ་དཔལ་སྐྱིད་ཀྱིས་ག་ལེར་རྟོགས། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་དཔལ་སྐྱིད་དང་ཡུལ་མི་ཚོ་ཡུན་རིང་བཅིངས་པའི་འཆིང་ཐག་ལས་ཐར་བ་དང་རྦད་དེ་མི་ལུས་རང་དབང་ཐོབ་ནས་རང་ཉིད་དང་ས་ཆ་དེའི་བདག་པོར་གྱུར།
དུས་དེ་ནས་བཟུང་། ལྕགས་ར་སྲིད་པས་སུ་ཞིག་ལའང་ཁྲལ་དང་འུ་ལག་རྒྱུག་མི་དགོས་པ་མ་ཟད། དཔལ་སྐྱིད་ཀྱང་བློ་བདེ་པོའི་ངང་རང་ཁྱིམ་གྱི་ལུག་འཚོ་བ་ལས་སེམས་ཁྲལ་གང་ཡང་མེད། ཁོང་ཚོར་ཁྱོན་བུ་ཕྲུག་6ཡོད་པ་དང་། ཕྱུགས་རིགས་མང་ཤོས་ཀྱི་སྐབས་སུ་ལུག་200ལྷག་ཙམ་དང་འབྲི་གཡག་30ལྷག་ཙམ་ཡོད་པས་འཚོ་བ་སྐྱིད་ཅིང་རྒྱགས་པ་ཡོད།
སྒར་གྲོང་རྡལ་ཆུང་ངུའམ་ཡང་ན་གྲོང་སྡེ་འདི་སྔ་ས་ནས་ལོ་ཟླའི་ཆུ་རྒྱུན་རིང་མོར་བཞུད་ཟིན། སྒར་དཔོན་སྲིད་གཞུང་གི་དེ་སྔའི་སྒོ་ར་དེ་མཐོ་ཚད་སྨི་1ལྷག་ཙམ་ཡོད་པའི་དེའུ་འབུར་དུ་གྱུར་ནས་ཕྱི་ཕྱོགས་ཚོང་དོན་ཁྲོམ་རའི་གྱང་རོ་ཙམ་ལས་སྔར་སོང་གི་ཤུལ་གང་ཡང་མཐོང་རྒྱུ་མེད། ད་ཆ་དེ་གར་ཡོད་པ་ནི་སྨི་བརྒྱ་ཕྲག་ཁ་ཤས་ཀྱི་སར་གནས་པའི་གནམ་རུ་གྲོང་ཚོའི་ཚོགས་ཆུང་3པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་གསར་པ་37ཡིན་པ་དང་དཔལ་སྐྱིད་ཀྱི་བུ་ཆོས་འཕེལ་ཡང་དེར་ཡོད།
ཆོས་འཕེལ་གྱི་ཁང་པ་ནི་སྒོ་ར་ཡོད་པའི་ཉིས་ཐོག་ཅིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་150ཡོད། ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་ཁང་པའི་ནང་བརྙན་འཕྲིན་དང་། ཉལ་ཁྲི་གཉིས། ཆ་སྒམ། སྒྲོག་ཙེ། ཁ་གདན་སོགས་ནང་ཆས་ཆ་ཚང་བསྒྲིགས་ཡོད་པས་མང་ཚོགས་བསྡད་ཆོག་ཆོག་རེད།
“སྔོན་མ་སྒར་དཔོན་སྡོད་སའང་ས་ཕག་དང་ལྕམ་ཤིང་ལས་གྲུབ་པའི་ཁང་པ་ཐོག་གཅིག་མ་ཡིན་པ་མ་ཟད། ཆུ་དང་གློག་ཀྱང་མེད་པས་ངའི་ཁང་པ་ལས་ཆ་རྐྱེན་ཧ་ཅང་གིས་སྐྱོ་བ་ཡོད། མང་ཚོགས་དཀྱུས་མ་མང་ཆེ་བ་སྦྲ་གུར་ཧྲལ་ཧྲུལ་དུ་སྡོད་ཀྱི་ཡོད། མ་གཞི་ངའི་ཨ་མར་ཁང་པ་ཆུང་ཆུང་ཞིག་ཡོད་ཀྱང་ཉལ་ཁྲི་མེད་པས་ས་སྟེང་དུ་ཉལ་དགོས་ཀྱི་ཡོད”ཅེས་འདི་ལོ་ལོ་56ལ་སླེབས་པའི་ཆོས་འཕེལ་གྱིས་སྤོབས་པ་ཆེན་པོས་བཤད།
སྡོད་ཁང་གསར་པར་སྤོས་པའི་དུད་ཚང་37ཡོད་པ་ལས་དུད་ཚང་24གནམ་རུ་གྲོང་ཚོ་ནས་ཡིན་པ་དང་དེ་བྱིངས་དུད་ཚང་13སྒར་རྫོང་གི་ཤང་གཞན་ནས་སྤོས་ཡོང་བ་ཤ་སྟག་རེད། མང་ཚོགས་ཀྱི་ཐོན་སྐྱེད་དང་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་གྲོང་ཚོའི་ནང་དྲོད་ཁང་ཆེ་མོ་དང་། གསོ་ཚགས་རྟེན་གཞི། མི་ཐབས་རྩྭ་འདེབས་སོགས་ཀྱི་ཐོན་ལས་རྣམ་གྲངས་བཀོད་སྒྲིག་བྱས་ཡོད། ཆོས་འཕེལ་གྱིས་ཀྱང་རང་ཁྱིམ་གྱི་འབྲི་གཡག་དག་མ་རྐང་དུ་བྱས་ནས་རྟེན་གཞིར་གསོ་ཚགས་བྱེད་བཞིན་ཡོད།