“ཡག་པོ་འདུག ཡག་པོ་འདུག”ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཉི་མ་གྲོང་རྡལ་ཆུ་འབབ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོའི་སྐོར་གླེང་སྐབས། ཆུ་འབབ་གྲོང་ཚོའི་བགྲེས་སོང་སྐལ་ཚེས་མཐེ་བོང་སྒྲེང་བཞིན“ཁོང་ཚོ་ནི་ང་ཚོའི‘སྙིང་ཉེ་ཤོས་ཀྱི་མི’ཡིན། གཉེན་ཉེ་ལས་ཀྱང་བརྩེ་བ་ཟབ་པ་ཡོད”ཅེས་བཤད།
ལོ་ན་མཐོ་བའི་བགྲེས་སོང་སྐལ་ཚེར་སྙིང་ནད་དང་། ཁྲག་ཤེད་མཐོ་བ། ཕོ་གཅོང་ནད་བཅས་ཕོག་ཡོད་པས་རྟག་ཏུ་མགོ་ཡུ་འཁོར་ནས་མིག་རབ་རིབ་ཆགས་པ་དང་། དབུགས་རྔུབ་གཏོང་དཀའ་བ་བཅས་བྱེད་ཀྱི་ཡོད། ཉིན་ཞིག་བགྲེས་སོང་སྐལ་ཚེ་གློ་བུར་དུ་ས་ལ་འགྱེལ་ཅིང་། ནང་མི་དངངས་སྐྲག་ཆེན་པོ་ལངས་ནས་འཕྲལ་མར་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ལ་འབྲེལ་གཏུག་བྱས། ལས་དོན་རུ་ཁག་ལ་ཁ་པར་འབྱོར་མ་ཐག་ལམ་སེང་རུ་མི་སྒྲིག་འཛུགས་བྱས་ནས་བགྲེས་སོང་གི་ཁྱིམ་དུ་སྐྱོབ་བཅོས་བྱེད་པར་བསྐྱོད། རུ་མི་ཚོས་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་བྱ་ཐབས་ལ་བརྟེན་ནས་དུས་ཐོག་ཏུ་སྨན་བཅོས་བྱས་པས་བགྲེས་སོང་སྐལ་ཚེ་གཞི་ནས་དྲན་པ་གསོས། དེ་རྗེས་ཀྱི་ཟླ་ཕྱེད་ནང་རུ་མི་ཚོས་སྨན་བཅོས་ནན་ཏན་དང་ནང་མིས་ལྟ་རྟོག་ཞིབ་ཚགས་བྱས་པ་བརྒྱུད། བགྲེས་སོང་སྐལ་ཚེ་ཉེན་ཁ་ལས་སྒྲོལ་ཏེ་ལུས་ཁམས་རྒྱུན་གཏན་ལྟར་སླར་གསོ་ཐུབ་ནས་ཚང་མ་ལྷོད་དུ་འབབ་པ་རེད།
བགྲེས་སོང་གི་ནད་གཞི་དྲག་སྐྱེད་བྱུང་རྗེས། ལས་དོན་རུ་ཁག་གི་རུ་མིས་རྟག་ཏུ་ཁྱིམ་དུ་ཡོང་ནས་བགྲེས་སོང་སྐལ་ཚེར་གཉེན་ཉེར་རྙོག་དྲ་བཟོ་གི་མིན། རླུང་རྟ་རྒྱུག་ན་དྲག་ཏུ་འགྲོ་གི་རེད་སྙམ་པའི་བསམ་བློ་ཁྱེར་ཏེ་སྨན་པ་མ་བརྟེན་པ་མི་བྱེད་པར། གཟུགས་པོ་མི་བདེ་བ་བྱུང་ཚེ་ངེས་པར་དུ་དུས་ཐོག་ཏུ་སྨན་པ་བསྟེན་དགོས་ཞེས་བཤད། ལས་དོན་རུ་ཁག་གི་རུ་མི་ཚོའི་ཐུགས་ཁུར་ལས་བགྲེས་སོང་སྐལ་ཚེར་ཁོང་ཚོ་ནི་ནང་མི་ལྟར་སྙིང་ཉེ་བ་ཞིག་ཡོད་པ་ཚོར་ནས་གང་དུ་སླེབས་རིམ་བཞིན་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
ཆུ་འབབ་གྲོང་ཚོའི་ལོ་རྒན་དྲུག་ཅུ་ལ་སླེབས་པའི་བགྲེས་སོང་མཚོ་མོ་དང་ལོ་རྒན་བདུན་ཅུ་ལ་སླེབས་པའི་བགྲེས་སོང་ཨེ་ཆུང་གཉིས་ལ་སྙིང་མི་བདེ་བའི་ནད་དང་རྐང་པ་གཉིས་ཀར་ཆུ་བསགས་ཡོད། ཁོང་ཚོའང་བགྲེས་སོང་སྐལ་ཚེ་དང་འདྲ་བར་ལས་དོན་རུ་ཁག་གིས་སྨན་བཅོས་བྱས་པ་བརྒྱུད། ནད་གཞི་རིམ་བཞིན་དྲག་ཏུ་ཕྱིན་ནས་རྒྱུན་གཏན་གྱི་འཚོ་བ་སླར་གསོ་ཐུབ་ཡོད།
འདི་ལོའི་ཟླ་4པར་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན། རུ་མི་ཚོས་རང་ངོས་ཀྱི་ཆེད་ལས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་ནས་བདེ་ཐང་ཚན་རིག་ཁྱབ་གདལ་དང་རིན་མེད་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་བ་དང་ཆབས་ཅིག ས་མཐོའི་རང་བཞིན་གྱི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་དང་། གྲུམ་བུའི་ནད། སྙིང་མི་བདེ་བའི་ནད། ཁྲག་ཤེད་མཐོ་བ། འཇུ་ལམ་གཅོང་ནད་སོགས་ལ་དམིགས་ཏེ་རིན་མེད་སྨན་བཅོས་བྱས་པར་མི་ཐེངས་600ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
ན་དུས་སྨན་བཅོས་ཐུབ་པ་དེ་ནི་མི་དམངས་མང་ཚོགས་ཀྱིས་ཆེས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་རེད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་ཁྱིམ་ཚང་རེ་རེ་བཞིན་དུ་འདྲི་རྩད་དང་། སྨན་བཅོས། སྨན་སྤྲོད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་ལས་ཆུ་འབབ་གྲོང་ཚོ་དང་དེ་བཞིན་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ཁག་གཅིག་ཉེ་འགྲམ་དུ་ནད་ལྟ་དཀའ་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད།
“རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཏང་རྩ་འཛུགས་ཀྱིས་གྲོང་སྡོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་སྣ་མངགས་གཏོང་ཞིབ་ཚགས་བྱས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་ངོས་ནས། ང་ཚོར་འགན་འཁྲི་ལྕི་པོ་ཡོད་པས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་བརྩེ་སེམས་ཆུད་ཟོས་སུ་མི་གཏོང་བར་མུ་མཐུད་ལས་གནས་བརྟན་སྲུང་དང་དུས་བཀག་ལྟར་ཚན་རིག་ཁྱབ་གདལ་འཆད་ཁྲིད་དང་རིན་མེད་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དོན་འཁྱོལ་དང་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་བྱ་བ་བཟང་པོ་ཏན་ཏིག་བསྒྲུབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ལས་དོན་རུ་ཁག་གི་རུ་དཔོན་བཟང་འབྲུག་ཐར་གྱིས་བཤད།