དབུ་ཤོག>ཆེད་སྒྲིག
  • མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས”ཀྱི་སྤྲིན་ཚོམ་ཞར་བྱུང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-09-27

    ཚེས་24ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་48པའི“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས”ཀྱི་སྤྲིན་ཚོམ་ཞར་བྱུང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུ་དེ་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ནུབ་བྱང་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། རྒྱལ་ནང་གི་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞིའི་མཁས་དབང་མང་པོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་གྱི་དབང་ཆ་དང་། སློབ་གསོ་མྱོང་དབང་། བདེ་ཐང་གི་དབང་ཆ་འགན་སྲུང་སོགས་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་པ་རེད།

    ནུབ་བྱང་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་ཙུང་ཁོའོ་ཡིས། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་རེད་ལ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡང་རེད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ལ་སྤྱི་ཡོངས་ནས་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་སྲུང་སྐྱོང་། རང་འགུལ་ངང་སྲུང་སྐྱོང་བཅས་དང་དེ་བཞིན་ངོ་བོའི་རང་བཞིན་གྱི་སྲུང་སྐྱོང་ཐུབ་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་དང་ལག་ལེན་གྱི་ཁྱད་ཆོས་གང་ལེགས་མངོན་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པར་གསོན་ཉམས་དོད་ལ་གྲུབ་འབྲས་ཐོབ་པའི་དཔེ་མཚོན་མཁོ་འདོན་བྱས་ཡོད་ཅེས་གསུངས།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སྐལ་བཟང་སྒྲོལ་མས། བོད་ཀྱི་དབུལ་པོ་ཉུང་གཏོང་གི་ལག་ལེན་ནི་གྲུབ་འབྲས་ཐོབ་པ་ཞིག་ཡིན་ཞིང་། དེས་དྲང་གཞག་དྲང་བདེན་གྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཁོར་ཡུག་བཏོད་པ་དང་། བོད་ཀྱི་མི་འབོར་དབུལ་པོ་འཕེལ་རྒྱས་དང་ཞི་བདེ་སོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ནང་ཞུགས་པའི་ནུས་པ་ཆེ་རུ་ཕྱིན་པ། བོད་ཀྱི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་འགན་ལེན་ཏན་ཏིག་ཐུབ་པ་བཅས་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད་ཅེས་གསུངས།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧྥང་སུའུ་མེ་ཡིས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བ། བོད་ཀྱི་མི་དམངས་ཀྱི་བདེ་ཐང་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་ཡོད། སྲིད་གཞུང་གིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཁ་གསབ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བདེ་ཐང་དབུལ་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱས་ཡོད། བོད་ཀྱི་མ་བུ་བདེ་སྲུང་ལས་དོན་ལའང་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་གསུངས།

    བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་སྤེན་པ་ལྷ་མོས་བོད་ཀྱི་རིག་གནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། མི་འབོར་ཆེས་ཆེར་འཕར་བ་མ་ཟད། མི་དམངས་ཀྱི་སློབ་གསོ་མྱོང་དབང་ལའང་འགན་ལེན་ནུས་ལྡན་བྱུང་ཡོད། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱལ་ཁབ་ཀྱིས་མཐོང་ཆེན་དང་སྲུང་སྐྱོབ་ཆེན་པོ་བྱེད་པ་དང་རྒྱལ་ཡོངས་སུ་བོད་རིག་པར་ཞིབ་འཇུག་བྱེད་མཁན་སྒྲིག་གཞི་50ལྷག་ཙམ་ཡོད་ཅེས་གསུངས།

    བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཚེ་རིང་ཕན་ཐོགས་ཀྱིས། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སློབ་གསོའི་དབང་ཆ་གང་ལེགས་ཐོབ་པར་དམིགས་ནས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་སློབ་གསོའི་དབང་ཆར་འཕེལ་རྒྱས་ཆེན་པོ་བྱུང་ཚུལ་བརྗོད་ཅིང་། དེ་ཡང་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་ནས་སྤྱི་དམངས་ཀྱི་སློབ་གསོ་མྱོང་དབང་འགན་སྲུང་བྱས་པས། བོད་ཀྱི་མི་དམངས་ལ་སློབ་གསོ་མྱོང་དབང་སྔར་ལས་ལེགས་པ་ཡོང་བར་འགན་སྲུང་བྱས་ཡོད་ཅེས་གསུངས།

    ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་འཆད་ཁྲིད་དགེ་རྒན་ཤའོ་ཝུའུ་ཡིས། ཁ་གཏད་བོད་སྐྱོར་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་ལེན་བྱེད་པའི་ལག་ལེན་རླབས་པོ་ཆེ་ཞིག་རེད། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གིས་མི་ཤུགས་དང་། ནོར་ཤུགས། དངོས་ཤུགས། ལག་རྩལ་སོགས་ཕྱོགས་མང་པོའི་ཐད་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་བས། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སློབ་གསོ་སོགས་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་མ་ཆེན་པོ་ཐེབས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་བྱེད་པར་རམ་འདེགས་བྱས་ཡོད་ཅེས་གསུངས།

    ནུབ་བྱང་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཁྲང་ཨན་གྱིས། ཚོགས་འདུའི་ཕྱོགས་སྡོམ་གནང་སྐབས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་ཐོབ་པའི་གྲུབ་འབྲས་དེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལོ་རྒྱུས་ལ་དམིགས་ནས་བརྗོད་ན་ཡང་ལོ་རྒྱུས་སྙན་ངག་ལྟར་གྱི་འཕོ་འགྱུར་ཞིག་ཀྱང་རེད། དེར་བརྟེན། འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་གཏམ་རྒྱུད་རླབས་པོ་ཆེ་ཡག་པོ་ཤོད་པ་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆར་ཕྱོགས་སྡོམ་དང་ཞུན་བརྡར་བྱས་ཏེ། འཛམ་གླིང་ཁྱབ་ཁོངས་ནང་གི་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་ལ་ལམ་ལུགས་དང་རིགས་པའི་གཞུང་ལུགས་དེ་བས་མང་བ་འཚོལ་ཞིབ་བྱེད་པར་ང་ཚོར་འགན་འཁྲི་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།