1952ལོའི་ཟླ་9ཚེས་15ཉིན། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་ལྷོ་ནུབ་ཅུས་ལ་སྙན་སེང་ཞུས་ཏེ། “ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན”འཛུགས་རྒྱུའི་གྲོས་འགོ་བཏོན། ཟླ་9ཚེས་24ཉིན། ཀྲུང་དབྱང་གི་མཆན་བཀོད་མཛུབ་སྟོན་དང་ཤིན་ཅང་ཡན་ལག་ཅུས་ཀྱི་བསམ་འཆར་ལྟར། ལྷོ་ནུབ་ཅུས་ཀྱིས་བོད་ལྗོངས་ལས་དོན་ཨུ་ལྷན་འཛུགས་རྒྱུའི་བསམ་འཆར་ལ་ཆོག་མཆན་གནང་བ་མ་ཟད། ཨན་ཀྲི་མིང་སོགས་བློ་མཐུན་5ལས་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་འགྲུབ་རྒྱུའི་གཏན་འབེབས་ཀྱང་བྱས། ཟླ་10ཚེས་1ཉིན། མངའ་རིས་རྟ་དམག་ཡན་ལག་རུ་ཁག་གིས་སྒར་གྱི་དགུན་སར་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་བཙུགས་པ་ཁྱབ་བསྒྲགས་བྱས་པ་ནས་བཟུང་བྱང་ཐང་ས་མཐོར་ཏང་གི་རྩ་འཛུགས་ཡོད་པར་གྱུར།
—— 《མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་གི་གསལ་འགྲེལ་ཡི་གེ》ལས་བཏུས།
འདི་ནི་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་གི་ཚོགས་ཁང་ཡིན་པ།
ཧི་མ་ལ་ཡའི་རི་རྒྱུད་ནི་འབྲུག་ཆེན་འཕྲེད་དུ་ཉལ་བ་དང་དབྱེར་མ་མཆིས་ཤིང་། གངས་ཏི་སེ་དེའི་ཁ་སྤྲོད་དུ་འགྱིང་ངེར་གནས་ཤིང་། དེའི་དཀྱིལ་དུ་རྒྱ་ཆེ་ཞིང་ཁོད་སྙོམས་པའི་གཤོང་ས་ཞིག་གྲུབ་པ་དང་། དལ་བུར་རྒྱུག་པའི་སྒར་གཙང་པོ་དེ་བརྒྱུད་ནས་རྒྱང་རིང་དུ་བཞུར་ཏེ་བོད་ནུབ་ས་མཐོའི་རྩྭ་ཆུ་འཛོམས་པའི་དགུན་ས་རྩྭ་ཐང་སྐྱེད་སྲིང་བྱས།
སྒར་རྫོང་དགུན་ས་ཤང་དེ་གར་གནས་པ་དང་རྒྱལ་ལམ་219དང་གྲོང་གསེབ་ཀྱི་འགྲོ་ལམ་མང་པོ་ཕན་ཚུན་སྣོལ་ཏེ་གནས།
དགུན་སའི་ས་ཁམས་ཆགས་སྟངས་ལེགས་སྟབས། ད་ལྟའི་རྒྱལ་ལམ་དང་། གནམ་ཐང་། དེ་བཞིན་སྔར་སོང་གི་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་བཅས་ཚང་མ་དེ་གར་བསྐྲུན།
1951ལོའི་ཟླ་8ཚེས་3ཉིན། ཨན་ཀྲི་མིང་གིས་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་གི་སྣེ་ཁྲིད་དེ་མངའ་རིས་ཀྱི་སྒར་དཔོན་གནས་སའི་སྒར(དེང་གི་དགུན་ས་ཤང་གནམ་རུ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ཉེ་འགྲམ)དུ་བདེ་བླག་ངང་འབྱོར། སྐབས་དེར་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཏེ་མངའ་རིས་ཡོངས་སུ་ཞི་བས་བཅིངས་འགྲོལ་བཏང་བས་མངའ་རིས་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་གསར་རྐྱང་ཞིག་འགོ་ཚུགས།
1952ལོའི་ཟླ་9ཚེས་15ཉིན། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་ཀྲུང་གུང་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་འཛུགས་རྒྱུའི་ཆོག་མཆན་གནང་། དེ་ནི་ད་ཆའི་མངའ་རིས་ས་ཨུད་ཀྱི་ལས་ཁུངས་གོང་མ་དེ་ཡིན་ཞིང་། དགུན་ས་ཤང་སྒར་གྲོང་གསར་དུ་ཡོད་པ་དང་། ཨན་ཀྲི་མིང་གིས་ཡན་ལག་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཅིག་ལྕོགས་བྱས། 1967ལོར་མངའ་རིས་ས་ཨུད་སེང་གེ་ཁ་འབབ་ཏུ་སྤོས་པས་ལས་དོན་ཨུ་ལྷན་གྱི་གནས་རྙིང་རིམ་གྱིས་བེད་མེད་དུ་གྱུར།
བཅིངས་འགྲོལ་བཏང་མ་ཐག་པའི་དུས་སུ་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་བཅའ་སྡོད་དཔུང་སྡེ་དང་ས་གནས་ལས་བྱེད་པའི་སྣེ་ཁྲིད་དེ། རང་སྟོབས་རང་སྤེལ་གྱིས་རྩྭ་ཐང་ཐོག་ས་ཞིང་གསར་སྦོལ་དང་སྡོད་ཁང་གསར་སྐྲུན་སོགས་བྱས་པས་ཡན་ལག་ལས་དོན་ཨུ་ལྷན་གྱི་རྣམ་པ་རགས་ཙམ་ཆགས། 1958ལོར་སླེབས་དུས། ཡན་ལག་ལས་དོན་ཨུ་ལྷན་དུ་ཚོགས་ཁང་དང་། གཞུང་ལས་ཁང་། སྡོད་ཁང་སོགས་ས་ཕག་དང་ཤིང་ལས་གྲུབ་པའི་ཁང་པ་ཁང་མིག་158ཡོད།
1959ལོར། དྲག་ཆས་ངོ་ལོག་ཇག་པའི་འཇབ་རྒོལ་འགོག་ཆེད། ཡན་ལག་ལས་དོན་ཨུ་ལྷན་གྱི་ལས་བྱེད་ལས་བཟོ་ཚོས་ཡང་བསྐྱར་རིང་ཚད་སྨི་2500དང་མཐོ་ཚད་སྨི་2.5ཡོད་པའི་དགུན་སའི་མཁར་གྱང་དང་དེ་བཞིན་མཁར་སྲུང་ཆུ་ཡུར་བསྐྲུན། སྐབས་དེར་ལོ་5ལ་སླེབས་པའི་དོན་གྲུབ་ཚེ་རིང་ཕ་མ་དང་མཉམ་དུ་དགུན་སར་སྤོས།
དོན་གྲུབ་ཚེ་རིང་གི་ཕ་མ་གཉིས་པོས་ཡན་ལག་ལས་དོན་ཨུ་ལྷན་གྱི་མཁར་གྱང་སྐྲུན་པའི་ལས་ལ་ཞུགས་པར། ཤོད་སྲོལ་ལྟར་སྲིད་གཞུང་གིས་སྤྲད་པའི་འབྲུ་རིགས་དང་དངུལ་རག གཉའ་གནོན་མྱངས་པར་གོམས་པའི་ཁོང་ཚོར་མཚོན་ན་དེ་ནི་སྔོན་ཆད་བསམ་བློར་ཡང་འཁོར་མ་མྱོང་བའི་བྱ་བ་ཞིག་རེད།
ལོ་དེ་དག་རིང་། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱིས་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་དགུན་ས་ཤང་རྒྱུད་དུ་མང་ཚོགས་ལ་སྡོད་ཁང་བརྒྱབ་པ་དང་དོན་གྲུབ་ཚེ་རིང་གི་ཁྱིམ་ཡང་དེའི་ཁྲོད་ཀྱི་གྲས་ཤིག་རེད། ཁང་པ་ཆེན་པོ་མེད་ཀྱང་དེ་སྔ་གུར་ནང་མ་གཏོགས་སྡོད་སྐལ་མེད་པའི་ནང་མི་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ལ། ཀྲུང་གོ་བ་ཞིག་ཡིན་པའི་བདེ་སྐྱིད་དེ་བས་ཀྱང་ཚོར།
ལོ་67ལ་སླེབས་པའི་དོན་གྲུབ་ཚེ་རིང་གི་ད་ལྟའི་སྡོད་ཁང་ནི་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཆུ་གློག་ཆ་ཚང་ཡོད་པའི་རྒྱལ་ཁབ་ཀྱིས་བརྒྱབ་པའི་བདེ་སྡོད་ཁང་པ་རེད། དོན་གྲུབ་ཚེ་རིང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་མ་ཟད། ད་དུང་སྒར་གྲོང་གསར་གྱི་ཏང་ཀྲི་པུའི་ཧྲུའུ་ཅིར་ཡང་བསྐོས། 2011ལོར་ཁོང་གིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁང་ཐོག་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས།
དགུན་ས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་ཨུ་ཡོན་ཝང་ཨང་གིས“གྲོང་ཚོ་ཡོངས་ཀྱི་དུད་ཚང་219ཡི་མང་ཚོགས་628ཁང་ཐོག་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་། མང་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་དང་། ཞིང་ཆས། རྩྭ་ཐང་། རྨོ་ཞིང་། ཕྱུགས་རིགས་སོགས་བེད་སྤྱོད་ཆོག་པའི་ཐོན་ཁུངས་དག་མཉམ་ལས་ཁང་གི་གཅིག་གྱུར་དོ་དམ་བཀོད་སྒྲིག་བྱེད་ཁོངས་སུ་བཅུག་ནས་གཅིག་སྡུད་དོ་དམ་དང་། གཅིག་གྱུར་བཀོད་སྒྲིག ལས་རྗེས་དཔྱད་ཞིབ། རྩོལ་བསྟུན་ཐོབ་སྤྲོད་བཅས་བྱས་ཡོད”ཅེས་བཤད་བྱུང་།
རྗེས་སུ། མཉམ་ལས་ཁང་གིས་ཡང་བསྐྱར་དཀར་ཆུ་ལས་སྣོན་བཟོ་གྲྭ་བཙུགས་ཤིང་། བཞོན་མ་300ལྷག་ཙམ་ཡོད་པ་དང་དཀར་ཆུའི་ཐོན་རྫས་སྣ་ཚོགས་ལས་གཉེར་བྱེད། རྣམ་གྲངས་འདི་ཁོ་ན་ལས་གསོ་ཚགས་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་ཡོང་གི་ཡོད།
མཉམ་ལས་ཁང་གི་སྣེ་འདྲེན་སྐུལ་ཁྲིད་དང་། རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། མང་ཚོགས་ཀྱི་འབད་བརྩོན་ལྷོད་མེད་བཅས་ཀྱི་འོག ཉེ་བའི་ལོ་ཤས་རིང་སྒར་གྲོང་གསར་དང་དེ་བཞིན་དགུན་ས་ཤང་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ནས་སྔ་རྗེས་སུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་མུའུ་ཁྲི་1.2བྱས་པ་དང་། སྒར་གྲོང་གསར་གྱི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དང་། སོག་སྨད་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ གཟན་རྩྭ་དང་གཟན་ཆག་རྟེན་གཞིའི་རྣམ་གྲངས་བཅས་ལག་ལེན་བསྟར་བ་དང་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་3.37མང་དུ་བཏང་བ། དགུན་ས་ཤང་གི་བཞོན་མ་གསོ་ཚགས་རྟེན་གཞི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལེགས་སྒྲུབ་བྱས་པས་མིག་སྔར་བཞོན་མ་500ལྷག་ཙམ་ཡོད་པ། མ་དངུལ་སྒོར་ཁྲི་580ལྷག་ཙམ་བཏང་སྟེ་གནམ་ཐང་གི་ཟུར་གསུམ་ཁུལ་ནས་ཤང་སྲིད་གཞུང་བར་གྱི་གཞུང་ལམ་རྒྱུད་དུ་སྔོ་འགྱུར་མཛེས་བཟོ་བྱས་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད།
འདི་ལོའི་ཟླ་6ཚེས་27ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་བསྡོམས་མ་དངུལ་སྒོར་ཁྲི་3000བཏང་བའི་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་གི་སྒོ་མོ་དངོས་སུ་ཕྱེ་བ་རེད།