དབུ་ཤོག>ཆེད་སྒྲིག
  • སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-24

    མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་འཇིགས་སྐུལ་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་གཡུལ་ས་མདུན་མ་ཡིན་པའི་ངོས་ནས་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི“དགུ་སྤེལ”ལས་དོན་ལག་བསྟར་ཤུགས་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ། འདྲ་མཉམ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་པས། མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ། མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། 2021ལོའི་ཟླ་1ཚེས་19ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ”གྱི་མིང་བཏགས་པ་རེད།

    ཏང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ།

    མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མངའ་རིས་ས་ཁུལ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་མི་རིགས་ལས་དོན་གྱི་གཙོ་རྐང་དང་མངའ་རིས་ས་ཁུལ་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཏུ་བརྩི་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་དང་ལག་བསྟར་བྱས་ནས“ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་འཛིན། འབྲེལ་ཡོད་སྡེ་ཚན་ཁག་མཉམ་ཞུགས། སྤྱི་ཚོགས་ལས་རིགས་ཁག་གིས་མཐུན་སྦྱོར”བཅས་ཀྱི་གསར་གཏོད་ཀྱི་ལས་དོན་རྣམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས།

    མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་ཁྲིད་གཙོ་བོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། 2017ལོ་ནས་བཟུང་ཆེད་བསྐོས་ལས་བྱེད་པའི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་དཔེ་སྟོན་འཛུགས་གཏོད་ལས་དོན་སྤེལ་ཡོད། ལོ་གསུམ་བསྟུད་མར་ལོ་རེར་སྒོར་ཁྲི་500བཀོད་སྒྲིག་བྱས་པ་དང་། 2020ལོ་དང་2021ལོར་ལོ་རེར་སྒོར་ཁྲི་1000བཀོད་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་སྒོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“དགུ་སྤེལ”འཛུགས་གཏོད་ལས་དོན་གྱི་ལམ་སྲོལ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་འཛུགས་གཏོད་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་ཡོད། གཞན་ཡང《མངའ་རིས་ས་ཁུལ་གྱིས〈བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་འཆར་འགོད(2015ལོ་ནས་2025ལོ་བར〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ལག་བསྟར་ཇུས་གཞི》དང་། 《མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི“དགུ་སྤེལ”ལག་བསྟར་ཇུས་གཞི(2015ལོ་ནས་2025ལོ་བར)》སོཌ་ལག་བསྟར་ཇུས་གཞི་ཁག་8ཞིབ་འཇུག་བྱས་ནས་བཟོས་ཏེ་རྒྱལ་ཡོངས་ཀྱི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།

    མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ།

    མངའ་རིས་ས་ཁུལ་གྱིས་དྲིལ་བསྒྲགས་སློབ་གསོ་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ནང་དོན་གཙོ་བོར་བརྩི་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཚན་ནང་བཅུག་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཡོད།

    རྩ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་བཅས་མི་རིགས་4ཡི་དགེ་སློབ་500ལྷག་ཙམ་ཡོད་པ་དང་། སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཕྲུ་གུ་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། གཟའ་འཁོར་རེར་ཉུང་མཐར་ཡང་ཆུ་ཚོད་གཅིག་གི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་བ། “མོས་སེམས་ལྔའི”བསམ་བློ་ནང་སེམས་སུ་འཇགས་པ་དང་ཕྱིའི་བྱ་སྤྱོད་ཏུ་འགྱུར་བ་བཅས་བྱས་པས། 2019ལོར་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མཉམ་སྡེབ་ལ་བདམས།

    མིག་སྔར། མངའ་རིས་ས་ཁུལ་གྱི་སྨྱན་སྦྱོར་ཚན་པ་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་གསར་འགྱུར་ཁག་420གཏོང་སྤེལ་བྱས་པ་དང་། བརྙན་ཤེལ་ཐོག་དྲིལ་བསྒྲགས་ཚིག་དུམ་ཁག་2100ལྷག་ཙམ་གཏོང་སྤེལ་བྱས་པ། སྤྱི་ཕན་བརྡ་ཁྱབ་དུས་ཐེངས་32བསྟན་པ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་འཕྲེད་ཡིག་1190ལྷག་ཙམ་བཀལ་བ། གློག་རྡུལ་བརྙན་ཤེལ་ཐོག་ཡིག་རིགས་གཉིས་ནས་བྲིས་པའི་འཛུགས་གཏོད་སྦྱར་ཡིག་ཁག་4200ལྷག་ཙམ་བསྟན་པ། “མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད”ཀྱི་སྐད་འཕྲིན་སྤྱི་རྟགས་བཏོད་པ། འཛུགས་གཏོད་ལས་དོན་སྐོར་གྱི་ཆ་འཕྲིན་300ལྷག་ཙམ་ཁྱབ་བསྒྲགས་བྱས་ཡོད། ན་ནིང་ཟླ་10པར། མངའ་རིས་ས་ཁུལ་འདི་ཉིད་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཆ་འཕྲིན་ལས་དོན་ཐད་འབུལ་ས་ཚིགས་སུ་བཅུག་པ་དང་ས་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་གྱི་ཆ་འཕྲིན་ལོ་གཉིས་བསྟུད་མར་ས་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱི་ཨང་དང་པོར་སླེབས་ཡོད། 2020ལོའི་ཟླ་8ཚེས་29ཉིན། མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཉམ་བསྒྲགས་ནང་གཙོ་གནད་ཐོག་གཏོང་སྤེལ་བྱས་ཡོད།

    འཛུགས་གཏོད་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་བཙུགས་པ།

    2017ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་དེ་ལས་ཁུངས་དང་། ཁེ་ལས། གྲོང་ཚོ་དང་གྲོང་ལྷན། ཤང་དང་གྲོང་རྡལ། སློབ་གྲྭ དམག་སྒར། དགོན་སྡེ། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས“དགུ་སྤེལ”བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕྱོགས་ཡོངས་ནས་ཁྱབ་ཚད་100%ཟིན་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་སྲ་ཞིང་བརྟན་པའི་ལས་ཀའི་རྨང་གཞི་བཏིང་ཡོད།

    མིག་སྔར། ས་ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ་7དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ་1 ས་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ་54བཅས་ཡོད། 2017ལོ་ནས་བཟུང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་60དང་སྔོན་ཐོན་མི་སྒེར་80ལ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་གཟེངས་བསྟོད་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་33དང་སྔོན་ཐོན་མི་སྒེར་45ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་ཐོབ་པ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་3དང་སྔོན་ཐོན་མི་སྒེར་3ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།